བདེ་གཤེགས་སྙིང་པོའི་སྐོར་རིས་མེད་བགྲོ་གླེང་དང་འབྲེལ་བའི་བཅར་འདྲི།

ཕྱི་ལོ་༢༠༢༣ ཟླ་༦ ཚེས་༡ ནས་༣ བར་ཨ་རིའི་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་ཙ་འདྲ་ཐེབས་རྩ་ཚོགས་པའི་གོ་སྒྲིག་འོག་བོད་བརྒྱུད་ནང་བསྟན་ཆོས་ལུགས་རིས་མེད་ཀྱི་བདེ་གཤེགས་སྙིང་པོའི་དགོངས་བཞེད་དང་ཉམས་བཞེས་སྐོར་ཞེས་པའི་བགྲོ་གླེང་ཞིག་བལ་ཡུལ་ཞེ་ཆེན་དགོན་དུ་འཚོགས་འདུག་པ་དང་། སྐབས་དེར་རིས་སུ་མེད་པའི་ཆོས་བརྒྱུད་ཁག་གི་དགེ་བཤེས་དང་མཁན་པོ། མཐོ་སློབ་ཀྱི་དགེ་རྒན་དང་ཉམས་ཞིབ་པ། མཁས་དབང་། གཞན་ཡང་ནང་བསྟན་གྱི་མཁས་པ་མང་པོ་ཞིག་ཀྱང་མཉམ་ཞུགས་གནང་ཡོད་འདུག ཐེངས་འདིར་བགྲོ་གླེང་མཉམ་ཞུགས་གནང་མཁན་སེ་ར་ཐེག་ཆེན་གླིང་གི་དགེ་བཤེས་བསྟན་སྐྱོང་ལགས་དང་ཐེག་མཆོག་རྣམ་གྲོལ་གླིང་ནས་མཁན་པོ་བསྟན་པ་ཚེ་རིང་རྣམ་གཉིས་ལ་འདི་གའི་གསར་འགོད་པས་བགྲོ་གླེང་དེ་དང་འབྲེལ་བའི་བཀའ་འདྲི་ཁ་ཤས་ཤིག་ཞུས་ཡོད།

དྲི་བ། ཁྱེད་ཀྱིས་རང་ཉིད་ཀྱི་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།

ལན། ང་ནི་དགེ་བཤེས་བསྟན་སྐྱོང་ཡིན། སྨྱུག་མིང་ལ་དར་ལྕེ་ཟད་པོ་འབོད། ཁམས་ནགས་ཤོད་སྨད་བོམ་ཕན་སྡེ་པར་སྐྱེས།  རང་ལོ 13 ལ་ཤུག་ལྡིང་དགོན་ལ་ཆོས་སྒོར་ཞུགས། རང་ལོ་20 ལྷ་ལྡན་སེ་རྭ་དགོན་ལ་ཟུར་བཞུགས་བྱས་ནས་མཚན་ཉིད་ཀྱི་གཞུང་དང་སུམ་རྟགས་དང་སྙན་ངག་སོགས་སྦྱངས། རང་ལོ་23 ལ་བཙན་བྱོལ་དུ་འབྱོར་ནས་སེར་བྱེས་ལྷོ་པ་ཁམས་ཚན་ལ་བཞུགས་ནས་གཞུང་ཆེན་སློབ་ཞོར་དུ་ལྔ་རིག་སྨྲ་བའི་དབང་ཕྱུག་རྒན་ཀླུ་སྒྲུབ་ཀྱི་མདུན་ནས་རིག་གནས་སྤྱི་དང་རྩོམ་རིག་ལ་སྦྱངས་པ་བྱས། 
རིག་གནས་ཀྱི་གནས་ཚད། 
བོད་ནས་སྙན་རྩོམ་འགྲན་རྩོད་ཅིག་ལས་བྱ་དགའ་ཨང་དང་པོ་ཐོབ། རྒྱལ་སྤྱིའི་ཙོང་ཁ་པ་རྗེས་དྲན་ལོར་སྙན་རྩོམ་དང་དཔྱད་རྩོམ་བྱ་དགའ་གཉིས་ཁོ་བོ་གཅིག་པུས་ཐོབ། སྔ་ཕྱི་རྩོམ་ཡིག་འགྲན་བསྡུར་ལས་གཟེངས་བསྟོད་ཐེངས་མང་པོ་ཞིག་ཐོབ་མྱོང་། 
གཞུང་ལུགས་ཀྱི་གནས་ཚད། 
དབུ་ཕར་རབ་འབྱམས་པ་རྩེ་ཕུད་ཨང་གསུམ་པ་ཐོབ།   ལྷ་རམས་ཚད་མ་རིག་པ་ཉམས་ཞིབ་པའི་རྩོམ་རྒྱུགས་ཕུལ། སྔགས་ཀྱི་རྩོད་རྒྱུགས་ཆེན་མོ་རྩེད་ཕུད་ཨང་གསུམ་པ་ཐོབ།  གདན་ས་གསུམ་ལ་དབུ་ཕར་དགུན་ཆོས་ཆེན་མོའི་དམ་བཅའ་བསྡད་མྱོང་། སྐབས་བཅུ་པའི་ཁམས་པའི་སྨྱུག་ཚོགས་ཀྱི་ཚོགས་གཙོ་བྱས།   
བརྩམས་ཆོས། <<ཚད་མ་གྲུབ་པའི་འགྲེལ་པ་ཐར་ལམ་འཇུག་ངོགས་>>ཅེས་པ་ཀྲུང་གོའི་ཤེས་རིག་པར་ཁང་ནས་པར་སྐྲུན་གྱི་ཆོག་མཆན་ཐོབ།   བཙན་བྱོལ་དུ་པར་ཐེངས་གཉིས་པ་བསྐྲུན་ཟིན། དེབ་ཕྲེང་གཉིས་པ་སྙན་རྩོམ། <<ལྐུགས་པའི་བུ་རམ>> ཅེས་པ་འདི་ལོར་པར་སྐྲུན་བྱས།   ད་ལྟ་ཡང་ཉམས་ཞིབ་པའི་ལས་ལ་ཞུགས་བཞིན་པ་ཡིན།

དྲི་བ། ཉེ་ཆར་བགྲོ་གླེང་དེ་གོ་སྒྲིག་གནང་མཁན་སུ་ཡིན་ནམ། 
བརྗོད་བྱ་གང་རེད། བགྲོ་གླེང་དེར་མཉམ་ཞུགས་གནང་མཁན་ཆོས་བརྒྱུད་ག་ཚོད་ཙམ་འདུག་གམ།

ལན། རིས་སུ་མ་མཆིས་པའི་བདེ་གཤེགས་སྙིང་པོའི་ཆོས་སྐོར་བགྲོ་གླེང་གོ་སྒྲིག་བྱེད་མཁན་ནམ་སྦྱིན་བདག་ནི་ཨ་རི་ནེའུ་ཡོག་ལ་རྟེན་གཞི་བྱས་པ་ཙ་འདྲ་ཚོགས་པ་རེད། བརྗོད་བྱ་ནི་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ནས་གསུངས་པའི་ཁམས་བདེ་བར་གཤེགས་པའི་སྙིང་པོ་རེད་ལ། དེའི་དགོངས་འགྲེལ་བསྟན་བཅོས་ཚད་མ་དག་ལས་གསུང་ཚུལ་དང་། དེ་ཡང་ཆོས་བརྒྱུད་སོ་སོའི་མཁས་པ་རྣམས་ཀྱིས་དགོངས་པ་འགྲེལ་ཚུལ་མི་འདྲ་བ་ཇི་ལྟར་ཡོད་མེད་ཀྱི་སྐོར་རེད། བགྲོ་གླེང་ལ་མཉམ་ཞུགས་བྱེད་མཁན་ནི་སྔ་འགྱུར་རྙིང་མ་བ་དང་། བཀའ་གདམས་རྙིང་མ་བའི་སྐུ་ཚབ་དང་།  ས་སྐྱ་བ། བཀའ་བརྒྱུད་པ། ཇོ་ནང་བ། དགེ་ལུགས་པ་བཅས་ཆོས་བརྒྱུད་ལྔའམ་དྲུག་ཙམ་གྱི་མཁས་པ་འདུས་ཡོད་ལ།  མཁས་དབང་དེ་དག་གི་ཁྲོད་དུ་བོད་གཞིས་བྱེས་གཉིས་ལ་གཞུང་ཆེན་འཆད་ཁྲིད་ཀྱི་ཉམས་མྱོང་ཡོད་པའི་མཁན་པོ་རྒན་རབས་དང་། དམིགས་བསལ་བདེ་གཤེགས་སྙིང་པོའི་སྐོར་ལ་ཆེད་སྦྱོང་མཛད་ནས་ཧ་ཝར་མཐོ་སློབ་ནས་ཐོན་པའི་འབུམ་རམས་པ་དང་། ལྷ་རམས་ཨང་དང་པོའི་གཟེངས་རྟགས་བཞེས་མཁན། ཝར་ཎ་མཐོ་སློབ་ཀྱི་དགེ་རྒན་དང་། གདན་ས་ཁག་དང་བཤད་གྲྭ་ཆེ་ཁག་གི་དཔེ་ཁྲིད་ཀྱི་རྒན་དང་། ཉམས་ཞིབ་པ་བཅས་འདུས་ཡོད་ལ། ལོ་ན་ཧ་ཅང་ཆུང་བའི་གྲྭ་གསར་སློབ་དཔོན་གྱི་གནས་རིམ་ཐོན་ཟིན་པ་ཕྱག་དཔེ་ངར་མ་དེ་འདྲ་ཡང་ཕེབས་འདུག་པས། མཁན་པོ་རྒན་རབས་རྣམ་པས་བསྟན་པའི་ཤུལ་འཛིན་པ་གཞོན་སྐྱེས་དེ་འདྲ་མཐོང་དུས།  སངས་རྒྱས་བསྟན་པ་རྒྱུན་རིང་ཙམ་གནས་པའི་རེ་བ་འདུག་གསུངས་ནས་བསྔགས་བརྗོད་དང་། ཡི་རངས་ཀྱི་དགའ་མགུ་ཚད་མེད་སྐྱེས་པའི་རྣམ་པ་ཡང་བསྟན་སོང་།། 

དྲི་བ། བདེ་གཤེགས་སྙིང་པོའི་ཆོས་འཁོར་ཟེར་ན་གང་ཞིག་རེད། 

ལན། བདེ་གཤེགས་སྙིང་པོའི་ཆོས་འཁོར་ཟེར་ན་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ན་ཐོག་མ་མེད་པ་ནས་སྡུག་བསྔལ་དང་འབྲལ་འདོད་དང་། གཞན་ལ་བརྩེ་བ་སྟེ་གཅན་གཟན་གཏུམ་པོ་ཡིན་ཡང་རང་གི་བུ་ལ་བརྩེ་བ་རང་ཆས་སུ་གྲུབ་པའི་རང་གཤིས་དེ་ཉིད་འགལ་རྐྱེན་བྲལ་ཞིང་། མཐུན་རྐྱེན་ཚང་ན་སངས་རྒྱས་སུ་འགྱུར་དུ་རུང་བ་སྐྱེ་འགྲོ་ཀུན་གྱི་ལྷན་སྐྱེས་ཀྱི་གྲུབ་ཆ་ཞིག་ལ་ཟེར། དེ་ཡང་སངས་རྒྱས་མ་བྱོན་པའི་སྔོན་དུ་རྒྱ་གར་དུ་རིགས་མཐོ་དམན་གྱི་དབར་ལ་ཁྱད་པར་ཆེན་པོ་འབྱེད་ཅིང་། རིགས་དམན་པའི་ས་ནས་དངོས་པོ་བརྐུས་ན་རྐུན་མ་མིན་པ་ཐོབ་ཐང་ལ་བརྩིས་པ་སོགས་བརྙས་བཅོས་དང་། རིགས་དམན་པ་ཚོ་ཡང་བདག་ཉིད་རིགས་དམན་ནོ་སྙམ་ནས་སེམས་ཞུམ་པ་དང་།  རིགས་མཐོ་བ་རྣམས་བདག་ཉིད་རིགས་མཐོའོ་སྙམ་ནས་བདག་ལ་ཆགས་ནས་རང་གཅེས་འཛིན་དང་། རིགས་ཀྱི་དོན་ངོ་མ་གང་ཡིན་ལ་རྨོངས་པ་དང་། རིགས་ཀྱི་དོན་ཡང་དག་པ་ལ་སྐུར་འདེབས་ཀྱི་སྐྱོན་ལྔ་སྤོང་བའི་ཕྱིར་དུ་སེམས་ཅན་གྱི་རང་བཞིན་ནམ་རིགས་ཀྱི་དོན་ཡང་དག་པ་འདི་འདྲ་ཞིག་ཡིན་ཞེས་གསུངས་པའི་ཆོས་ཚན་ཞིག་རེད། སངས་རྒྱས་འཇིག་རྟེན་ལ་བྱོན་ནས་སངས་རྒྱས་འགྱུར་རུང་གི་རྒྱུ་ཡི་ནུས་པ་སྲོག་ཆགས་འབུ་གྲོག་སྦུར་ཡན་ཆད་ལ་ཁྱད་པར་མེད་པ་རང་ཆས་སུ་ཡོད་པས་རིགས་ལ་མཐོ་དམན་མེད་པས།  མིའི་རིགས་ཙམ་མ་ཟད།  སྲོག་ཆགས་གྲོག་སྦུར་ཡན་ཆད་ལ་བརྙས་བཅོས་མི་རུང་བ་དང་། རིགས་དམན་པ་ཚོ་ལ་སངས་རྒྱས་ཀྱི་གོ་འཕང་ལྟ་བུ་དོན་ཆེན་སྒྲུབ་པའི་ནུས་པ་རང་ལ་ཡོད་པས་སེམས་ཞུམ་མི་དགོས་ཞེས་སེམས་གཟེངས་བསྟོད་པ་དང་། འགྲོ་ཀུན་ཐམས་ཅད་ལ་རིགས་མཉམ་པར་གནས་ན་རིགས་མཐོ་བ་རྣམས་ཀྱང་བདག་ཉིད་རིགས་ཀྱི་སྒོ་ནས་གཞན་ལས་ཁྱད་པར་དུ་འཕགས་སོ་སྙམ་པའི་ང་རྒྱལ་བྱེད་སའི་གནས་ཀྱང་མེད་པས་རིགས་ལ་ཆགས་པའི་ང་རྒྱལ་སྤོང་དགོས་པ་དང་། རིགས་ཀྱི་དོན་ནི་ཕ་ཡི་ས་བོན་གང་ལས་བྱུང་བའི་ཁྱད་པར་གྱིས་མི་འབྱེད་པར་སེམས་ལ་སེམས་མ་མཆིས་པ་སེམས་ཀྱི་རང་བཞིན་འོད་གསལ་བའི་ཆ་ནས་བཞག་དགོས་པས། རིགས་ཀྱི་དོན་ཡང་དག་པ་མ་རྟོགས་པས་ལོག་རྟོག་སྤོང་བའི་དགོས་པ་དང་།  རིགས་ཀྱི་ཁྱད་པར་དེ་ཡང་སངས་རྒྱས་བྱོན་ནས་གསར་དུ་བཟོས་པ་མིན་པར་གདོད་མ་ནས་སེམས་ཅན་ཀུན་ལ་རང་ཆས་སུ་གྲུབ་བོ་ཞེས་སྟོན་པས་རིགས་ཀྱི་དོན་དུ་རྒྱ་གར་ལ་ལྟ་གྲུབ་ཀྱི་གསར་བརྗེ་ཆེན་པོ་ཞིག་ཀྱང་མཛད་པ་རེད། དེང་དུས་དང་བསྟུན་ནས་བཤད་ན་ཡང་། འགྲོ་བ་མི་ཡི་རིགས་རྣམས་ཐོབ་ཐང་གཅིག་པ་ཡིན་པས་གཉོམ་ཆུང་ལ་ཁྱད་གསོད་མི་རུང་བ་དང་། བྲན་གཡོག་ལམ་ལུགས་དང་། སྲིད་དབང་ཕ་རྒྱུད་བུས་འཛིན་པའི་ལམ་ལུགས་ལ་ངོ་རྒོལ་བའི་ལྟ་བ་དང་ཡོངས་སུ་མཐུན་པ་ཞིག་ཀྱང་རེད་ལ། དེང་སྐབས་བྱ་བ་ཕྲན་ཚེགས་རེ་ལམ་ལྷོང་མ་བྱུང་ནས་བདག་ཉིད་ལ་བརྙས་ནས་སེམས་ཞུམ་མཁན་མང་པོ་བྱུང་དང་འབྱུང་བཞིན་པ་དག་ལ་སེམས་གཟེངས་བསྟོད་པའི་ཕན་ཐོགས་ཀྱང་ཡོད་པ་རེད། གསུང་ཚུལ་གཞན་ཞིག་ལ། སངས་རྒྱས་ཀྱིས་རིགས་དང་རུས་མི་གཙོ་བར་བསླབ་པ་རིན་པོ་གཙོ་བོ་ཡིན་ཞེས་མི་གཤིས་བཟང་ངན་གྱི་ཁྱད་པར་རིགས་རུས་ཀྱིས་མི་འབྱེད་པར་ཤེས་རབ་ཀྱི་བསླབ་པ་སྟེ་ཤེས་ཡོན་རྒྱ་ཆེ་བ་དང་། ཚུལ་ཁྲིམས་ཀྱི་བསླབ་པ་སྟེ་ཚུལ་མཐུན་གྱི་སྤྱོད་པ་གཉིས་པོ་རིགས་རུས་ལས་གཙོ་ཆེ་བར་གསུངས་པས་མི་བུ་བཟང་ངན་ནི་ཤེས་ཡོན་དང་བཟང་སྤྱོད་གཉིས་པོས་འབྱེད་པས། ཤེས་ཡོན་དང་བཟང་སྤྱོད་དང་བྲལ་ན་རིགས་མཐོ་བས་མི་ཕན་པ་དང་། རིགས་དམན་པ་ལ་ཤེས་ཡོན་དང་བཟང་སྤྱོད་གཉིས་དང་ལྡན་ན་མི་བུ་བཟང་པོར་འཇོག་པར་གསུངས་པ་དང་། དགེ་སློང་ནང་ཕན་ཚུན་ལ་རིགས་རུས་བཟང་ངན་བརྗོད་ན་ཉེས་བྱས་སྐྱེ་བར་གསུངས་པས། དེང་དུས་དམངས་གཙོའི་རྒྱལ་ཁབ་ཁག་ལ་རིགས་རུས་དབྱེ་འབྱེད་བྱས་ན་ཁྲིམས་དང་འགལ་བ་བཅས་པ་དང་མཐུན་པ་ཞིག་ཀྱང་རེད། 

དྲི་བ། དེ་རིང་གི་བགྲོ་གླེང་དེས་ཁྱེད་ལ་ཕན་ཐོགས་ག་རེ་བྱུང་སོང་།

ལན། བདག་ལ་ཕན་ཐོགས་ཆེན་པོ་གསུམ་ཙམ་ཞིག་བྱུང་སོང་བསམ་གྱི་འདུག །བདག་གི་བགྲོ་གླེང་གི་བརྗོད་གཞི་བཀའ་གདམས་རྙིང་མ་བའི་བདེ་གཤེགས་སྙིང་པོའི་སྐོར་ལ་རེད། དེ་སྔོན་བཀའ་གདམས་རྙིང་མའི་གཞུང་ཐོས་ལོ་ཙམ་ལས་དམིགས་བསལ་གྱིས་ཞིབ་ཀློག་བྱེད་མྱོང་མེད། དེ་རིང་རྒྱུད་བླ་མའི་བོད་འགྲེལ་ཐོག་མ་རྔོག་ལོའི་འགྲེལ་པ་ཞིབ་ཀློག་བྱེད་ཁོམ་བྱུང་བ་དང་། གཞུང་ཚིག་རེ་རེ་བཞིན་དལ་བུས་བཀླགས་ཤིང་། རང་གི་ཤེས་རབ་ལ་དཔགས་པའི་གོ་དོན་ཞིག་ཀྱང་རྙེད་སོང་།  བདེ་གཤེགས་སྙིང་པོའི་སྐོར་ལ་རྔོག་ལོ་དང་བཤད་ཚུལ་མི་མཐུན་པ་རྔོག་ལོའི་ཆོས་རྒྱུད་འཛིན་པ་ཕྱྭ་པ་ཆོས་སེང་དང་། གཙང་ནག་པ་བརྩོན་འགྲུས་སེང་གེ་ལ་སོགས་པའི་གཞུང་མང་པོ་བཀླགས་པའི་གོ་སྐབས་བྱུང་བ་དེ་ཕན་ཐོགས་གཅིག་རེད། ཕན་ཐོགས་གཉིས་པ་ནི། དཔེར་ན། དཔལ་ས་སྐྱ་བའི་གསལ་སྟོང་འཛིན་མེད་དང་། དཔལ་ཇོ་ནང་པའི་གཞན་སྟོང་གི་ལྟ་བ་སོགས་ལ་སྔར་སོ་སོའི་གོ་བ་བླངས་པ་འགའ་རེ་ནོར་ཡོད་པ་དང་། ངེད་ཅག་བགྲོ་གླེང་བྱས་པའི་བརྒྱུད་རིམ་ལས་འདི་ལྟ་བུའི་གོ་དོན་གཏིང་ཟབ་མོ་བཤད་རྒྱུ་ཡོད་པ་རེད་བསམ་པའི་བློ་བསྐྱེད་གསར་པ་ཡང་ཐོབ་བྱུང་། ཕན་ཐོགས་གསུམ་པ་ནི། སྔར་བགྲོ་གླེང་འགའ་རེར་མཉམ་ཞུགས་བྱས་མྱོང་ཡོད་མོད། དེ་རིང་སྔར་དང་མི་འདྲ་བར་འཛེམས་ཟོན་མེད་པར་བསམ་ཚུལ་ཐད་ཀར་བརྗོད་པ་དང་། ཨ་ཕའི་ཁ་ཕོར་གཙང་ཞེན་གྱི་འདུ་ཤེས་དེ་འདྲ་མེད་པར་རྒྱུ་མཚན་གཙོ་བོར་བཟུང་ནས་ཆོས་བརྒྱུད་སོ་སོའི་རང་གཞུང་ལས་ཇི་ལྟར་གསུངས་ཡོད་མེད་བསམ་ཚུལ་བརྗེ་ལེན་གྱི་ཚུལ་དུ་བགྲོ་གླེང་ལྷུག་པོར་གནང་སོང་བས། ཆོས་བརྒྱུད་ཆེན་པོ་ལྔ་ཡི་ལྟ་བ་འདི་དག་གཅིག་གིས་ཤར་རེད་གསུངས་པ་གཅིག་ཤོས་ཀྱིས་ནུབ་རེད་གསུངས་པ་ལྟ་བུ། རྦད་དེ་རྒྱབ་འགལ་དུ་སོང་བ་མ་ཡིན་པར་གལ་ཏེ་གཅིག་གི་ལྟ་བ་དབུས་ལ་གནས་ཡོད་ན་གཞན་དག་གི་ལྟ་བ་དེའི་གཡས་གཡོན་ཞིག་ལ་སླེབས་བསྡད་ཡོད་པ་དང་། གལ་ཏེ་མཐའ་བྲལ་དབུ་མའི་གནས་ལུགས་ཡང་དག་རྟོགས་པར་འདོད་པ་དག་གིས་རིས་མེད་ཀྱི་གཞུང་ལུགས་དེ་དག་ཕྱོགས་རེ་བ་དང་རགས་པ་རེས་ཚིམས་པར་མི་བྱེད་པར་རིས་མེད་ཀྱི་གཞུང་ཐམས་ཅད་ལ་ངེས་པར་དུ་ཐོས་བསམ་གཏིང་དཔོག་པ་ཞིག་བྱེད་དགོས་འདུག་བསམ་པ་ཡང་བྱུང་སོང་།ཞར་ལ་གསལ་འདེབས་ཀྱི་ཚུལ་དུ་བཤད་འདོད་པ་ཞིག་ལ།  ཙ་འདྲ་ཚོགས་པ་འདི་ཐོག་མར་ཨ་རིར་སྒེར་པའི་མ་དངུལ་ཐོག་བཙུགས་པའི་ཐེབས་རྩ་ཚོགས་པ་ཞིག་ཡིན་ཞིང་།  དེང་སྐབས་བོལ་ཌར་དང་ནིའུ་ཡོག་ཏུ་རྒྱུན་སྐྱོང་བཞིན་ཡོད་འདུག ནུབ་ཕྱོགས་ཀྱི་མཐོ་རིམ་སློབ་གྲྭ་སོགས་ནས་བདེ་གཤེགས་སྙིང་པོའི་སྐོར་ལ་ཆེད་རྩོམ་སྤེལ་མཁན་དང་བཤད་མཁན་མང་ཆེ་བ་ནུབ་ཕྱོགས་པ་ཚོ་ཡིན་ཚོད་འདུག་པས་དགའ་གུས་ཞུ་འོས་པ་རེད། བོད་རྒྱུད་ནང་བསྟན་གྱི་སྐོར་ལ་གཞིགས་ན་རིས་སུ་མེད་པའི་གདན་ས་ཁག་གི་མཁན་པོ་དང་དགེ་བཤེས་རྣམ་པས་ཚེ་གང་དེ་རང་ལ་སློབ་སྦྱོང་གནང་བཞིན་ཡོད་དུས་ཤེས་རྒྱ་དང་ཉམས་མྱོང་དམིགས་བསལ་བ་ཞིག་ཡོད་ཀྱང་། དབྱིན་སྐད་ཀྱིས་རྔོ་མི་ཐོགས་ནས་ལྷག་ཡོད་པས་གདན་ས་ཁག་དང་བཤད་གྲྭ་ཁག་གི་སློབ་གཉེར་བ་རྣམས་ཀྱིས། དུས་ཚོད་ཀྱི་བར་གསེང་གང་ཡོད་པ་རྣམས་ཆུད་ཟོས་སུ་མི་གཏོང་བར་ཞོར་དུ་དབྱིན་ཡིག་སྦྱོང་དགོས་པ་གལ་ཆེན་པོ་རེད་བསམས་པའི་སེམས་ཚོར་ཡང་བྱུང་སོང་། 
 དྲི་བ་འདྲི་མཁན་དང་ཀློག་མཁན་རྣམ་པ་བཀའ་དྲིན་ཆེ།།
ཁྱེད་ཀྱིས་རིན་བྲལ་གྱི་དུས་ཚོད་བཏང་སྟེ་བཀའ་ལན་གནང་བར་ཐུགས་རྗེ་ཆེ།


དྲི་བ། ཁྱེད་ཀྱིས་རང་ཉིད་ཀྱི་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།

ལན། བཀྲིས་བདེ་ལེགས། ངའི་མིང་ལ་མཁན་པོ་བསྟན་པ་ཚེ་རིང་ཟེར་གྱི་ཡོད། རྒྱ་གར་ལྷོ་ཕྱོགས་གྲུབ་དབང་པདྨ་ནོར་བུའི་གདན་ས་རྣམ་གྲོལ་གླིང་གི་བཤད་གྲྭ་ནས་བསླབ་མཐར་སོན་པའི་མཁན་པོ་ཞིག་ཡིན། སློབ་ཕྲུག་གསར་བུ་བ་རྣམས་ལ་ཕན་ཐོགས་ཅུང་ཙམ་རེ་ནས་༢༠༡༥ ལོར་བསླབ་མཐར་སོན་པ་ནས་དགོན་པ་རང་ལ་དཔེ་ཁྲིད་ཀྱི་ཞབས་ཞུ་སྒྲུབ་བཞིན་བསྡད་ཡོད་ལགས། 

 དྲི་བ། ཉེ་ཆར་བགྲོ་གླེང་དེ་བདེ་གཤེགས་སྙིང་པོའི་ཆོས་འཁོར་སྐོར་ཡིན་འདུག དེར་ཆོས་བརྒྱུད་ཁག་ཏུ་བཞེད་ཚུལ་མ་འདྲ་བ་འདུག་གམ། མ་འདྲ་བ་ཡོད་ན་གཙོ་བོ་གང་གི་ཐད་ནས་རེད་འདུག་ལགས།

ལན། རེད་ལགས། ད་ལན་ཨ་རིར་རྟེན་གཞི་བྱས་པའི་ཙ་འདྲ་ཐེབས་རྩ་ཚོགས་པའི་གོ་སྒྲིག་འོག་བལ་ཡུལ་ཞེ་ཆེན་དགོན་དུ་ཆོས་ལུགས་རིས་མེད་ཀྱི་བདེ་གཤེགས་སྙིང་པོའི་སྐོར་ལ་བགྲོ་གླེང་རེད། སྤྱིར་བཏང་བདེ་གཤེགས་སྙིང་པོ་ཞེས་པ་ནི་སངས་རྒྱས་ཀྱི་རང་བཞིན་ནམ་སྙིང་པོ་ཞེས་པའི་འགྲེལ་བཤད་ཡོང་གི་ཡོད་རེད། འདི་ལ་བོད་ཀྱི་མཁས་གྲུབ་རྣམས་ཀྱི་བཞེད་མཚམས་ལ་ཞིབ་ཕྲ་མི་འདྲ་བ་མང་དུ་ཡོད་ཀྱང་། གནད་བསྡུས་ན་གཙོ་བོར་གསུམ་ཙམ་ཞིག་ཡོང་གི་འདུག་དྲན། དེ་ཡང་རྒྱལ་བ་ཇོ་ནང་པས་སེམས་རང་བཞིན་འོད་གསལ་བ་ཞེས་གསལ་བ་ལ་ངོས་འཛིན་སྟངས་ཤིག་དང་། རི་བོ་དགེ་ལྡན་པས་སེམས་རང་བཞིན་གྱིས་གྲུབ་པས་སྟོང་པ་ཙམ་དང་། སྔ་འགྱུར་རྙིང་མ་དང་། དཔལ་ལྡན་ས་སྐྱ་པ། འགྲོ་མགོན་བཀའ་བརྒྱུད་པ་གསུམ་གྱིས་གཙོ་བོར་སེམས་ཀྱི་གནས་ལུགས་གསལ་སྟོང་དབྱེར་མེད་གྱི་རང་བཞིན་ལ་བདེ་གཤེགས་སྙིང་པོ་ཞེས་དེ་ལྟར་འགྲེལ་བཤད་རྒྱག་སྟངས་གསུམ་ཡོང་གི་ཡོད། ནང་གསེས་སུ་དཔེར་ན་དཔལ་ལྡན་ས་སྐྱ་པ་དང་སྔ་འགྱུར་རྙིང་མ་གཉིས་ལ་གསལ་སྟོང་དབྱེར་མེད་ཅེས་པའི་གསལ་བ་ངོས་འཛིན་སྟངས་ལ་མི་འདྲ་བ་སོགས་མང་དུ་ཡོད། དེ་ལྟར་མི་འདྲ་བ་གསུམ་ཡོང་དགོས་པའི་རྒྱུ་མཚན་ལོ་རྒྱུས་རྒྱབ་ལྗོངས་མི་འདྲ་བ་མང་པོ་ཡོད་རྒྱུ་རེད་དེ་གཙོ་བོར་སྟོང་པ་དང་། གསལ་བ། ཟུང་འཇུག གསུམ་པོ་རྩལ་དུ་འདོན་ཚུལ་གྱི་ཁྱད་པར་ཡིན་རྒྱུ་རེད་སྙམ། 

དྲི་བ། བདེ་གཤེགས་སྙིང་པོའི་ཆོས་འཁོར་དེ་མདོ་སྔགས་ཀྱི་གཞུང་གང་ནས་བསྟན་པ་རེད།  སྟོན་སའི་གཞུང་དེ་ངོས་འཛིན་སྟངས་ལ་ཆོས་བརྒྱུད་ཁག་ཚང་མར་གཅིག་མཚུངས་རེད་དམ།

ལན།  བདེ་གཤེགས་སྙིང་པོ་སྟོན་སའི་གཞུང་ངོས་འཛིན་སྟངས་ལ་བོད་ཀྱི་མཁས་གྲུབ་རྣམས་ཀྱི་བཞེད་པ་མི་འདྲ་བ་མང་དུ་ཡོད། དེ་ཡང་སྔ་འགྱུར་རྙིང་མའི་མཁས་གྲུབ་རྣམས་ཀྱི་བཞེད་སྲོལ་ལྟར་ན། བདེ་གཤེགས་སྙིང་པོ་ནི་གཙོ་བོར་འཁོར་ལོ་ཐ་མ་སྙིང་པོ་བསྟན་པའི་མདོ་ཡོངས་རྫོགས་དང་། གསང་སྔགས་བླ་མེད་ཀྱི་གཞུང་གཉིས་ཀ་ནས་བསྟན་པ་བཞེད་ཀྱིན་ཡོད། དེའི་རྒྱུ་མཚན་གཙོ་བོར་ནི་འཁོར་ལོ་ཐ་མ་ནས་བཤད་པའི་བདེ་གཤེགས་སྙིང་པོ་དང་གསང་སྔགས་བླ་མེད་ཀྱི་གཞུང་ནས་བཤད་པའི་གཉུག་སེམས་དང་། བདེ་བ་ཆེན་པོ། གཞི་རྒྱུད་སོགས་འདི་དག་མིང་འདྲ་བ་དང་བསྟན་ཚུལ་གྱི་ཟབ་ཁྱད་ཙམ་ལས་དོན་ལ་གནད་གཅིག་ཏུ་བཞེད་ཀྱིན་ཡོད། འགྲོ་མགོན་བཀའ་བརྒྱུད་པ་དག་གིས་ཀྱང་དེ་དང་ཚུལ་མཚུངས་པ་མིན་ནམ་སྙམ་ཞིབ་ཕྲ་ཤེས་མ་སོང་། རྒྱལ་བ་ཇོ་ནང་པས་ཀྱང་མདོ་སྔགས་གཉིས་ཀ་ནས་བདེ་གཤེགས་སྙིང་པོ་བསྟན་པར་བཞེད་ཡོད། འོན་ཀྱང་ངས་གོ་ཚོད་ལྟར་ན་ཁོང་རྣམ་པས་འཁོར་ལོ་ཐ་མ་སེམས་ཙམ་གྱི་མདོ་དང་སྙིང་པོའི་མདོ་ཞེས་ཐ་དད་དུ་མི་བཞེད་པར་འཁོར་ལོ་ཐ་མ་གཏོགས་ཚད་ལ་སྙིང་པོ་བསྟན་པའི་མདོ་ཞེས་གཅིག་ཏུ་བཞེད་མིན་ནམ་སྙམ། རི་བོ་དགེ་ལྡན་པའི་ཕྱོགས་ནས་བདེ་གཤེགས་སྙིང་པོ་ནི་གཙོ་བོར་མདོ་མཚན་ཉིད་ཐེག་པའི་འཁོར་ལོ་བར་པའི་དངོས་བསྟན་ལས། འཁོར་ལོ་དང་ཐ་གཉིས་དང་གསང་སྔགས་ཀྱི་རྒྱུད་སྡེ་དག་ལས་བདེ་གཤེགས་སྙིང་པོ་བསྟན་པར་མི་བཞེད། དེའི་རྒྱུ་མཚན་ནི་གོང་བཤད་ལྟར་སེམས་བདེན་པར་གྲུབ་པས་སྟོང་ཙམ་ལ་བདེ་གཤེགས་སྙིང་པོ་དང་། གཉུག་སེམས་ནི་སེམས་ཕྲ་བའི་མཐར་ཐུག་པ་ཞིག་ལ་འཇོག་ཅིང་དེ་ཡང་མདོ་ལས་མ་བསྟན་པའི་གསང་སྔགས་ཀྱི་རྒྱུད་སྡེ་དག་གི་ཁྱད་ཆོས་སུ་བཞེད། 

དྲི་བ། ཆོས་བརྒྱུད་ཁག་ལ་མཚོན་ན་ལྟ་དགོངས་བརྗེ་ལེན་གྱི་བགྲོ་གླེང་དེ་ལྟ་བུ་མང་དུ་དགོས་ངེས་གཟིགས་ཀྱི་འདུག་གམ།

ལན།  བགྲོ་གླེང་གི་ལས་རིམ་འདི་ལྟ་བུ་ག་ཚོད་འཛུགས་ཐུབ་ན་ཧ་ཅང་གིས་དགེ་མཚན་ཆེན་པོ་མཐོང་གི་འདུག གང་ཡིན་ཟེར་ན་ཕྱོགས་གཅིག་ནས་ཆོས་བརྒྱུད་ནང་ཕན་ཚུན་གྱི་ལྟ་གྲུབ་འགྲེལ་བཤད་རྒྱག་སྟངས་མི་འདྲ་བ་དེ་དག་དུས་ཐུང་གི་ནང་དུ་གོ་རྟོགས་ཐུབ་པ་དང་། གཉིས་ནས་ནམ་རྒྱུན་རྟག་པར་༧ སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོས་བགྲོ་གླེང་ཚུགས་དང་ཆོས་བརྒྱུད་ཕན་ཚུན་ཐུགས་མཐུན་ཡོང་བར་ཕན་ཐོགས་ཡོད་ཚུལ་གསུངས་པ་བཞིན་ལྟ་བའི་བཞེད་མཚམས་དེ་དག་རེ་རེ་བཞིན་འགྲེལ་བཤད་རྒྱག་ཡོང་དུས་བཤད་ཚུལ་དེ་ལའང་རྒྱབ་ལྗོངས་དེ་འདྲ་ཞིག་འདུག་ཨ་དྲན་ནས་རང་བཞིན་གྱིས་སེམས་ཐག་ཉེ་རུ་འགྲོ་བ་དང་། གསུམ་ནས་ཚོགས་པ་དང་དགོན་སྡེ་སྤྱིའི་ཆ་ནས་བཤད་ན། དེ་སྔ་བཤད་གྲྭའི་སྡེ་དར་མེད་པ་དག་ལ་བཤད་གྲྭ་གསར་འཛུགས་དང་། དེ་སྔ་ཡོད་པ་དག་ལ་མུ་མཐུད་ནས་ཤེས་ཡོན་ཡར་རྒྱས་གོང་འཕེལ་གཏོང་བའི་ཤུགས་རྐྱེན་ཞིག་ཏན་ཏན་ཡོང་གི་ཡོད། དེ་བཞིན་སློབ་གཉེར་བ་གང་ཟག་སྒེར་ལ་མཚོན་ནའང་ངས་སློབ་སྦྱོང་ཞིག་མ་བྱས་ན་ཡོང་ས་མ་རེད་ཨ་སྙམ་ནས་སེམས་ཤུགས་དང་སློབ་སྦྱོང་ལ་ཤུགས་སྣོན་འཕར་མ་ཡོང་བར་ཕན་ཐོགས་ཏན་ཏན་ཡོད་རེད་དྲན་གྱི་འདུག 

དྲི་བ། ཉེ་ཆར་གྱི་བགྲོ་གླེང་དེ་ལ་བརྟེན་ནས་མ་འོངས་པར་བརྗོད་བྱ་འདིའི་སྐོར་ཡང་བགྲོ་གླེང་གོ་སྒྲིག་བྱེད་མཁན་ཞིག་བྱུང་ན་སྙམ་པའི་དགོངས་ཚུལ་ཁྱེད་ལ་ཡོད་དམ།

ལན། ཏན་ཏན་རེད། ད་ལྟ་ང་ཚོས་བདེ་སྙིང་པོའི་སྐོར་བགྲོ་གླེང་བྱས་པ་རེད། ད་ལན་བརྗོད་གཞི་སྤྲོད་སྟངས་དེ་ཡང་ཧ་ཅང་གིས་ཡག་པོ་མཐོང་སོང་། དེ་ཡང་དཔེར་ན་དཔལ་ལྡན་ས་སྐྱ་པ་ལྟ་བུ་ལ་མཚོན་ན་མཁས་དབང་གཅིག་གིས་ཀུན་མཁྱེན་གོ་རམས་དང་། ཡང་མཁས་དབང་གཞན་དག་གཅིག་གིས་རོང་སྟོན། མཁས་དབང་གཅིག་གིས་པཎ་ཆེན་ཤཀ་མཆོག་གིས་འགྲེལ་བཤད་རྒྱག་སྟངས་གང་འདྲ་ཡོད་མེད་ཀྱི་གཏམ་བཤད་གནང་ཡོང་དུས། ཆོས་བརྒྱུད་སྤྱིའི་བཞེད་པ་ཙམ་དུ་མ་ཟད་ནང་གསེས་ཀྱི་བཞེད་མཚམས་མི་འདྲ་བ་དེ་དག་ཀྱང་ཧ་ཅང་གིས་གསལ་པོ་ཡོང་གི་འདུག དེ་བཞིན་ད་ལན་བགྲོ་གླེང་གི་དགེ་མཚན་ཆེ་ཤོས་གཞན་ཤིག་ནི། བརྗོད་གཞི་བདེ་གཤེགས་སྙིང་པོ་གཅིག་ལ་མཁས་དབང་མང་པོ་ཞིག་གིས་ཉི་མ་གསུམ་གྱི་རིང་བསྟུད་མར་བགྲོ་གླེང་གི་ལས་རིམ་བསྐྱངས་པས་བརྗོད་གཞི་མང་པོ་ཞིག་གི་ཐོག་བགྲོ་བ་དང་མི་འདྲ་བ། ཞིབ་ཕྲ་ཆེ་བ་དང་། གཏིང་ཟབ་ས་ནས་གླེང་ཐུབ་པ། ངེས་ཆ་ཆེ་བ་སོགས་ལེགས་ཆ་མང་པོ་ཞིག་མཐོང་སོང་། དེ་བྱེད་དུས་མ་འོངས་པར་བརྗོད་གཞི་ཉུང་ཤས་ཀྱི་ཐོག་ནས་བགྲོ་གླེང་གི་གོ་སྒྲིག་གནང་ཐུབ་ན་དེ་ལའང་དགེ་མཚན་ཆེན་པོ་ཞིག་མཐོང་སོང།  
མདོར་ན་མ་འོངས་པར་བདེ་གཤེགས་སྙིང་པོའི་སྐོར་མུ་མཐུད་ནས་བགྲོ་གླེང་དགོས་པ་ཧ་ཅང་གལ་ཆེན་པོ་རེད། བདེ་གཤེགས་སྙིང་པོ་ནི་ཆོས་བརྒྱུད་ཆེན་པོ་ཚང་མའི་གཞི་ལྟ་བུ་ཆགས་བསྡད་ཡོད་རེད། དེ་ག་ཚོད་གླེང་ཐུབ་ན་ངེས་ཆ་ཆེ་བ་དང་རྟོགས་པ་རྒྱུད་ལ་སྐྱེ་བར་ཕན་ཐོགས་ཡོད། དེ་ཙམ་མ་ཟད་གོང་དུ་ཞུས་པ་ནང་བཞིན་ད་ལན་ང་ཚོའི་ནང་མ་ཚུད་པའི་ད་དུང་ང་ཚོ་བོད་ཀྱི་མཁས་པ་ཚོའི་ཡིག་ཆའི་ནང་ལ་བདེ་གཤེགས་སྙིང་པོའི་འགྲེལ་བཤད་རྒྱག་སྟངས་མ་འདྲ་བ་དེ་འདྲ་ཏན་ཏན་ཡོད་རྒྱུ་རེད་དྲན་གྱི་ཡོད། དེ་དག་དང་དེ་ལས་ཕར་རྒྱ་ཆེ་ཙམ་བཏང་ན་རྒྱ་བརྒྱུད་ཀྱི་ཡིག་ཆ་དང་། ཉི་ཧོང་གི་ཡིག་ཆ་སོགས་ཀྱི་ནང་བདེ་གཤེགས་སྙིང་པོའི་སྐོར་འགྲེལ་བཤད་རྒྱག་སྟངས་མི་འདྲ་བ་གང་འདྲ་ཡོད་མེད་སོགས་ཀྱི་ཐད་ནས་ཕན་ཚུན་བགྲོ་གླེང་གོ་སྒྲིག་དེ་འདྲ་གནང་ཐུབ་ན་ཧ་ཅང་གིས་ཡག་པོ་ཡོད་ས་རེད། དེ་ནས་གོ་སྐབས་འདི་བརྒྱུད་ནས་ད་ལན་བགྲོ་གླེང་གི་འགོ་འདྲེན་པ་མཁས་དབང་ཀརྨ་ཕུན་ཚོགས་གཙོས་ཙ་འདྲ་ཚོགས་པའི་ཚོགས་མི་ཡོངས་ལ་སྙིང་ནས་ཐུགས་རྗེ་ཆེ་ཞེས་ཞུ་འདོད་བྱུང་། ཐུགས་རྗེ་ཆེ།
ཁྱེད་ཀྱིས་རིན་བྲལ་གྱི་དུས་ཚོད་བཏང་སྟེ་བཀའ་ལན་གནང་བར་ཐུགས་རྗེ་ཆེ།

ཙ་འདྲ་ཐེབས་རྩ་ཚོགས་པ་ནི་ཕྱི་ལོ་༢༠༠༠ལོར་ཨ་རི་ནིའུ་ཡོག་ཏུ་མི་སྒེར་གྱིས་བཙུགས་པ་ཞིག་ཡིན་འདུག་ལ། གཙོ་བོ་བོད་བརྒྱུད་ནང་བསྟན་གྱི་གལ་ཆེའི་གསུང་རབ་དག་བསྐྱར་སྐྲུན་དང་འགྲེམ་སྤེལ་དེ་བཞིན་སྒེར་པ་མང་པོ་ཞིག་ལ་མཐུན་འགྱུར་རམ་འདེགས་གནང་གི་ཡོད་འདུག ༢༠༡༣ ལོར་བོད་དཔེ་རྣམས་འགྲེམས་སྤེལ་བྱེད་ས་མཐའ་ཡས་མཛོད་ཞེས་པའི་དྲྭ་རྒྱ་འཆར་འགོད་བྱས་འདུག་པ་དང་། འདས་པའི་ལོ་ཤས་རིང་བོད་དཔེ་བརྒྱ་ཕྲག་ལས་བརྒལ་བ་པར་སྐྲུན་དང་འཕྲུལ་དེབ་བཟོ་བ་བཅས་གནང་འདུག ད་ཆར་ཆོས་སྤྲིན་དཔེ་མཛོད་ཁང་ཞེས་པའི་དྲྭ་ཚིགས་ཤིག་འདུག་པ་ལས་མདོ་སྔགས་ཀྱི་ཆོས་དཔེའི་འཕྲུལ་དེབ་མང་པོ་ཕབ་ལེན་ཐུབ་ཀྱི་འདུག་པ་བཞིན་མ་འོངས་པར་རྒྱ་བསྐྱེད་གཏང་རྒྱུའི་འཆར་གཞི་ཡོད་འདུག དེ་བཞིན་ཉེ་ཆར་བདེ་གཤེགས་སྙིང་པོའི་སྐོར་གྱི་རིས་མེད་མཁས་པའི་བགྲོ་གླེང་དེ་གོ་སྒྲིག་གནང་ཡོད་འདུག

དྲི་བ་ཞུ་མཁན་བསྟན་འཛིན་ལམ་བཟང་།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||