ཨ་རུ་ན་ཅལ་ཁུལ་དེ་རྒྱ་གར་གྱི་མངའ་སྡེ་ཞིག་རེད་ཅེས་ཨ་རིས་རྒྱ་ནག་ལ་ལན་བཏབ་འདུག

བོད་དང་རྒྱ་གར་གྱི་ས་མཚམས་ཀྱི་ཆེད་དུ་རྒྱ་དཀར་ནག་གཉིས་བར་རྙོག་གླེང་མང་པོ་ཞིག་ཡོང་གི་ཡོད་པ་བཞིན། ཨ་རུ་ན་ཅལ་དེ་རྩོད་རྙོག་ཁྲོད་ཀྱི་གཙོ་བོ་ཞིག་ཆགས་ཀྱི་ཡོད་པ་ལྟར། ཉེ་ཆར་རྒྱ་གར་གྱི་སྲིད་བློན་ཨ་རུ་ན་ཅལ་ནང་ལྟ་སྐོར་དུ་སྐྱོད་དུས། རྒྱ་ནག་གིས་ཨ་རུ་ན་ཅལ་ནི་རྒྱ་ནག་གི་མངའ་ཁུལ་ཡིན་པས་རྒྱ་གར་གྱི་སྲིད་བློན་དེར་ཕྱིན་པ་ནི་མི་འོས་པ་རེད་ཅེས་བརྗོད་འདུག་པར་བརྟེན། ཨ་རིས་རྒྱ་ནག་གི་སྐྱོན་བརྗོད་ལ་ལན་འདེབས་ཤིག་བྱས་ཡོད་འདུག  ཕྱི་ཚེས་༢༡ ཉིན་རྒྱ་གར་གྱི་ཧིན་དཱུའི་དུས་བབ་ཀྱིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་བྷ་ཌན་སྲིད་གཞུང་ནས་རྒྱ་ནག་གིས་རྒྱ་གར་ཨ་རུ་ན་ཅལ་མངའ་ཁུལ་དེ་རྒྱ་ནག་གི་མངའ་ཁུལ་ཡིན་ཚུལ་བརྗོད་པ་དེ་ལ་ངོ་རྒོལ་ཡོད་པ་དང་། རྒྱ་ནག་གཅིག་པུས་ཐག་གཅོད་བྱས་ནས་མངའ་ཁུལ་དེ་རྒྱ་ནག་གི་རེད་ཅེས་བརྗོད་པ་ནི་མ་འགྲིགས་པ་རེད་ཅེས་བརྗོད་འདུག ཉེ་ཆར་རྒྱ་གར་གྱི་སྲིད་བློན་ཨ་རུ་ན་ཅལ་མངའ་སྡེའི་ནང་ལྟ་སྐོར་སྐྱོད་དུས་རྒྱ་ནག་གིས་དེ་ལ་དགག་པ་ཤུགས་ཆེན་བརྒྱབས་ཡོད་འདུག་པ་དང་། གཟའ་ལྷག་པའི་ཉིན་དུས་རྒྱུན་ཨ་རིའི་གཞུང་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གྱི་ཡོད་པ་བཞིན། ཨ་རིའི་གཞུང་གི་མགྲིན་ཚབ་པ་གཞོན་པ་(Vedant Patel)ཡིས། ཨ་རིའི་ངོས་ནས་ཨ་རུ་ན་ཅལ་མངའ་སྡེ་ནི་རྒྱ་གར་གྱི་མངའ་ཁོངས་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་པས། རྒྱ་ནག་གིས་མངའ་ཁུལ་དེ་རྒྱ་ནག་གི་ཡིན་ཚུལ་བརྗོད་པ་དང་། བར་གནས་ཀྱི་ས་མཚམས་རྣམས་བརྒལ་ནས་འཛུལ་ཐབས་བྱེད་ཀྱི་ཡོད་པ་དག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་བརྗོད་པ་ལ། རྒྱ་ནག་གཞུང་གི་བདེ་སྲུང་མགྲིན་ཚབ་པ་རྒན་པ་(Colonel Zhang Xiaogang )ཟེར་བ་ཞིག་གིས། བོད་ལྷོ་ཕྱོགས་ཀྱི་ས་ཆ་ཨ་རུ་ན་ཅལ་ནི་རྒྱ་ནག་གི་མངའ་ཁོངས་ཡིན་པས། པེ་ཅིན་ཕྱོགས་ནས་རྒྱ་ནག་གི་ས་ཆ་རྒྱ་གར་གྱི་ཁྲིམས་འགལ་ཐོག་ནས་བདག་བཟུང་བྱས་པ་ངོ་རྒོལ་ཡོད་ཅེས་དང། རྒྱ་ནག་གཞུང་གིས་ཨ་རུ་ན་ཅལ་ནི་བོད་ལྷོ་ཕྱོགས་ཀྱི་ས་ཆ་ཡིན་པས། རྒྱ་གར་གྱི་འགོ་ཁྲིད་ས་ཆ་དེར་ལྟ་སྐོར་ཕྱིན་པ་ལ་སྐྱོན་བརྗོད་ཡོད་ཅེས་བརྗོད་ཡོད་འདུག འོན་ཀྱང་རྒྱ་གར་གྱི་ངོས་ནས་རྒྱ་ནག་གིས་ཨ་རུ་ན་ཅལ་དེ་རྒྱ་ནག་གི་ཆ་ཤས་ཡིན་ཞེས་བརྗོད་ལ་ངོས་ལེན་གཏན་ནས་མེད་ཅེས་དང་། ཨ་རུ་ན་ཅལ་གྱི་ས་ཆའི་མིང་བསྒྱུར་བ་སོགས་བྱས་པ་ནི་ཁྲིམས་འགལ་རེད་ཅེས་བརྗོད་ཡོད་འདུག གཟའ་མིག་དམར་ཉིན་རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་རྒྱ་ནག་གཞུང་གིས་ཨ་རུ་ན་ཅལ་མངའ་ཁུལ་དེ་རྒྱ་ནག་གི་ཡིན་ཚུལ་བརྗོད་པ་དེ་ལ་ལན་འདེབས་བྱས་དོན།  ཨ་རུ་ན་ཅལ་ནི་ད་ལྟ་ཡང་རྒྱ་གར་གྱི་རེད་ལ་མ་འོངས་པ་ལ་ཡང་རྒྱ་གར་གྱི་རེད་ཅེས་བརྗོད་འདུག ཕྱི་ཚེས་༩ ཉིན་རྒྱ་གར་གྱི་སྲིད་བློན་མོ་དྷི་ཡིས་ཨ་རུ་ན་ཅལ་ནང་གསར་རྒྱག་ཟིན་པའི་ས་སྦུག་གི་འགྲོ་ལམ་ཞིག་སྒོ་འབྱེད་བྱས་ཡོད་འདུག་པ་དང་། ས་སྦུག་གི་འགྲོ་ལམ་དེ་ནི་རྒྱ་གར་གྱི་བདེ་སྲུང་དམག་མི་རྣམས་ས་མཚམས་ཀྱི་བདེ་སྲུང་ཆེད་དུ། དུས་ཐོག་ཏུ་འགྲོ་ཐུབ་ཐབས་གསར་རྒྱག་བྱས་ཡོད་འདུག ས་སྦུག་འགྲོ་ལམ་དེའི་མིང་ལ་ཡང་The Sela Tunnal ཞེས་མིང་བཏགས་ཡོད་འདུག  གསར་འགོད་པ། བསོད་ནམས་ཕུན་ཚོགས།

གྲོས་ཚོགས་རྣམ་དཔྱོད་སྟོན་ས་རེད།

(བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༩༨༩) རྒྱ་ནག་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་བཅུ་དགུ་པ་ཁྱབ་བརྡལ་ཤུགས་ཆེ་འགྲོ་བཞིན་པའི་སྐབས། བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་དང་སྤྱི་འཐུས་རྒྱུན་ལས་ཚང་མའི་འདེམས་བྱེད་ཀྱི་ཐོབ་ཐང་འཕྲོགས་པ་དང་། དེའི་རྗེས་སུ་གྲོས་ཚོགས་ནས་བཅའ་ཁྲིམས་ཀྱི་དགོངས་དོན་བཞིན་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་གཞན་གཉིས་བཅས་དུས་གཅིག་ཏུ་འཕོ་འགྱུར་བཏང་། ཁྲིམས་ཞིབ་པ་རྣམ་པས་རང་ངོས་ནས་ལས་གནས་མཚམས་འཇོག་བྱས་ཟིན་ནའང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ནང་ཁུལ་ཆབ་སྲིད་འཐེན་འཁྱེར་གྱི་རྩོད་རྙོག་དང་འབྲེལ་ནས་སླར་ཡང་རྒྱ་ཆེ་རུ་བཏང་། རིམ་པས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱང་དོན་གྱིས་སྦོ་ལུག་ནས་ད་ལྟའི་ཆར་ཁྲིམས་སྒྲིག་བསྐྱར་བཅོས་ཀྱི་ལམ་ནས་འགྱུར་བ་ཞིག་གཏོང་མ་ཐུབ་ན། བཙན་བྱོལ་བོད་གཞུང་ངམ་བོད་མིའི་སྒྲིག་འཛུགས་ཀྱང་ཁྲིམས་ལུགས་ལ་བརྟེན་ནས་འཛིན་སྐྱོང་བྱེད་ཐབས་གཏན་ནས་མེད་པར་འགྱུར་རྒྱུ་ཉག་གཅིག་ཡིན། གནད་དོན་དེ་བྱུང་ནས་གྲོས་ཚོགས་ཀྱི་ཁོར་ཡུག་ཀྱང་སྡུག་ཏུ་ཕྱིན་ཏེ་གནད་དོན་མང་པོ་ཞིག་ཕྱོགས་ཁག་རང་བཞིན་གྱི་ཐོག་ནས་ཐག་གཅོད་ཐུབ་མེད་ལ། སྐབས་རེ་ཕན་ཚུན་བློ་ཁོག་ཡོད་མདོག་གིས་ཚིག་མཚོན་འདེབས་རེས་ཀྱང་བྱེད་བཞིན་ཡོད། ཕྱོགས་ཕན་ཚུན་འདོད་པ་མི་མཐུན་པ་རེ་བྱུང་ཚེ་ཡང་ཡང་གྲོས་ཚོགས་འཚོགས་མི་ཐུབ་པའི་གནས་ཚུལ་ཡང་བྱུང་ཡོད། ལོ་སྔོན་མའི་ཕྱི་ཟླ་༩ པའི་ནང་དུ་གྲོས་ཚོགས་ཚོགས་དུས་དྲུག་པ་མཇུག་སྡོམ་མ་ཐུབ་པ་དང་། ཕྱི་ཟླ་༡༢ པའི་ནང་མཇུག་སྐྱོང་གི་ཚོགས་འདུ་ཡང་འཚོགས་མ་ཐུབ་པས་མི་མང་ནང་དུའང་འུར་ཟིང་དང་རྩོད་རྙོག་སྣ་ཚོགས་བྱུང་ཡོད། ད་ལན་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་དང་འབྲེལ་བའི་གླེང་རྙོག་དེ་གཙང་སེལ་བྱུང་ནས་གྲོས་ཚོགས་མཇུག་སྐྱོང་ཐུབ་ཡོད་པ་དང་། གྲོས་ཚོགས་ཀྱི་ཁོར་ཡུག་ཀྱང་རྒྱུན་ལྡན་དུ་གྱུར་ཡོད། ད་ལྟ་སྔོན་རྩིས་གྲོས་ཚོགས་འདིའི་སྐབས་སུ་ཁྲིམས་སྒྲིག་བསྐྱར་བཅོས་ཐུབ་དང་མི་ཐུབ་ནི་བོད་མིའི་སྒྲིག་འཛུགས་འཆི་གསོན་གྱི་འགག་གནད་གཙོ་བོར་གྱུར་ཡོད། སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་གྲོས་ཚོགས་ཚོགས་དུས་དྲུག་པའི་མཇུག་བསྡོམས་གསུང་བཤད་གནང་སྐབས། སྤྱི་འཐུས་རྣམ་པས་གྲོས་ཚོགས་ནང་འགན་ཚུལ་བཞིན་མི་ཁུར་བར། ཕན་ཚུན་ཚིག་མཚོན་འདེབས་རེས་བྱེད་པ་དང་དཔའ་དང་དཔུང་པ་ངོམ་པའི་རྣམ་པ་ཡོད་པས། གྲོས་ཚོགས་ནི་རྣམ་དཔྱོད་དང་བློ་གྲོས་འདོན་ས་ཡིན་པ་ལས་བློ་ཁོག་ངོམ་ས་ཞིག་མིན་ཞེས་བསྡོམས་བརྒྱབ་ནས་གསུངས་སོང་། ད་ཆ་ཉིན་རེ་ཟུང་ནང་གྲོས་ཚོགས་ཀྱི་ཁོར་ཡུག་ནི་འདས་པའི་ལོ་ཁ་ཤས་ཀྱི་གནས་སྟངས་དང་བསྡུར་ན་ཞི་འཇམ་གྱི་རང་བཞིན་དུ་གྱུར་འདུག་པས། ཁོར་ཡུག་འདི་ལྟ་བུ་མུ་མཐུད་བྱུང་ན་ཁྲིམས་སྒྲིག་བསྐྱར་བཅོས་ཁག་ཀྱང་འགྲོ་ཐུབ་པའི་རེ་བ་ཆེན་པོར་མངོན། ཁྲིམས་སྒྲིག་གི་གཞི་འཛིན་ས་ཡོད་པའི་སྤྱི་ཚོགས་ཤིག་ཡིན་ན་མ་འོངས་པར་བོད་མིའི་སྒྲིག་འཛུགས་མུ་མཐུད་ཐུབ་པ་ལས། ཁྲིམས་སྒྲིག་གང་ཡང་མེད་པར་གྱུར་ཟིན་པའི་རྗེས་སུ་ཁ་ཤུགས་སུ་ཆེ་དང་། མགོ་བདེ་དྲན་འཕྲུལ་ཅན་ཁ་ཤས་ཀྱི་ཁེ་ཕན་ཉག་གཅིག་ཏུ་འགྱུར་ཉེན་ཡོད། ཁྲིམས་དང་སྒྲིག་གཞི་རྩ་འཛིན་བྱེད་ས་གང་ཡང་མེད་པར་གྱུར་ཟིན་པའི་རྗེས་སུ་བོད་མིའི་སྒྲིག་འཛུགས་ཀྱང་ཁ་འཐོར་དགུ་འཐོར་དུ་འགྱུར་ངེས་ཡིན་པ་དང་། ད་ལྟའི་ཆར་ཡང་གཞུང་ཁོངས་རང་སྐྱོང་སྡེ་ཚན་ཁག་ཅིག་མི་ཚང་སྒེར་རེ་ཟུང་གི་ཁེ་ཕན་ཙམ་དུ་གྱུར་ཟིན་པ་བཞིན། དབུས་ལས་ཁུངས་ཕལ་ཆེ་བ་རྒྱ་གར་གཞུང་ལ་ཁྲིམས་མཐུན་ཚོགས་པའི་ངོ་བོར་དེབ་སྐྱེལ་བྱས་ཡོད་པས་དཔལ་འབྱོར་གང་ཡོད་པ་ད་ཡོད་ལས་སྣེའི་ནང་གི་མགོ་བདེ་དྲན་འཕྲུལ་ཅན་རེ་ཟུང་གི་བེད་སྤྱོད་འོག་འགྲོ་ངེས་རེད། དེ་ལ་བརྟེན་ནས་གྱོང་གུད་ཆེ་ཤོས་རག་ས་ནི་མི་མང་དཀྱུས་མ་ཉམ་ཆུང་འབའ་ཞིག་ཡིན་པས། ད་བར་མི་ལོ་དྲུག་ཅུ་རེ་ལྔ་ཙམ་གྱི་རིང་༧གོང་ས་མཆོག་གིས་དབུས་མི་མང་པོ་ཞིག་གིས་འབད་བརྩོན་དུ་མ་ལ་བརྟེན་ནས་བྱུང་བའི་བཙན་བྱོལ་བོད་གཞུང་དེ་ད་ལྟའི་མི་རབས་འདིའི་ལག་ནས་འཇིག་ངེས་པ་མ་ཟད། བཙན་བྱོལ་བོད་གཞུང་འཐོར་ཞིག་ཏུ་སོང་ན་ནུས་པ་ཆེན་པོ་འདོན་མ་དགོས་པར་ཁེ་ཕན་ཆེ་ཤོས་རག་མཁན་རྒྱ་དམར་གཞུང་ཡིན་པས། ཕྱི་ནང་གང་ས་ནས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་བྱེད་ངེེས་རེད། མདོར་ན་གྲོས་ཚོགས་ནི་རྣམ་དཔྱོད་དང་བློ་གྲོས་འདོན་ས་ཡིན་པ་ལས། དཔའ་དང་དཔུང་པ་ངོམ་ས་ཞིག་མིན་པས། བསམ་ཚུལ་མི་མཐུན་པ་ག་འདྲ་ཡོད་ཀྱང་བཙན་བྱོལ་བོད་གཞུང་འཐོར་ཞིག་ཏུ་འགྲོ་རྒྱུའི་ཉེན་ཁར་ཐུག་དུས་ཚང་མས་འགན་ལེན་དགོས་པ་ཞིག་རེད། སྤྱི་ཚོགས་དྲ་ལམ་ཁག་ཏུ་ཕྱོགས་གང་རུང་གི་རྒྱབ་སྐྱོར་བ་ཡིན་མདོག་གིས་དཀྲོག་གཏམ་དང་འུར་སྒྲོག་ག་འདྲ་ཞིག་བྱས་ཀྱང་དེ་ལ་དོ་སྣང་བྱེད་རིན་མེད་པ་དང་། གྲོས་ཚོགས་ནང་རྩོད་གླེང་གི་རྣམ་པ་ཅི་འདྲ་ཞིག་ཡོད་ཀྱང་དེ་ལ་མི་མང་གིས་ཕྱོགས་ཁག་དང་དགྲ་གཉེན་གྱི་འདུ་ཤེས་དོར་ནས། རྩོད་གླེང་ཡོང་སའི་གནད་དོན་ལ་བསམ་བློ་གཏོང་ཐུབ་པ་ཞིག་ཆགས་ན། སྐབས་དེ་དུས་༧གོང་ས་མཆོག་གི་ཐུགས་རེ་བཞིན་བཙན་བྱོལ་བོད་གཞུང་གི་ལམ་ལུགས་དེ་མང་གཙོ་ཚད་དང་ལྡན་ཞིག་ཏུ་གྱུར་པ་རེད། བསམ་ཚུལ་མི་མཐུན་པ་ཡོད་པ་དང་བསམ་ཚུལ་མི་མཐུན་པ་ཡོད་པ་དེ་བཤད་སའི་ཁོར་ཡུག་ཡོད་པ་ནི་མང་གཙོའི་ལམ་ལུགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཆེ་ཤོས་ཡིན་པའི་གོ་རྟོགས་དེ་ཚང་མར་ཡོད་དགོས།།

བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས།

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ལོ་ལྟར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་སྐོར་སྙན་ཐོ་ཞིག་འདོན་གྱི་ཡོད་པ་བཞིན། འདི་ལོ་ཡང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་སྙན་ཐོ་ཞིག་བོད་ཡིག་དང་དབྱིན་ཡིིག རྒྱ་ཡིག་བཅས་སྐད་ཡིག་གསུམ་ནང་བཏོན་གནང་སོང་། སྐབས་དེ་དུས་ཕྱི་ལོ་༢༠༢༣ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྔར་ལས་དམ་དྲག་དང་གདུག་རྩུབ་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པ་སོགས་ཀྱི་སྐོར་ལ་ངོ་སྤྲོད་གནང་སོང་། ཕྱི་ཚེས་༢༠ ཉིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ལས་ཁུངས་སུ་ཕྱི་ལོ་༢༠༢༣ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་སྙན་ཐོ་ཞིག་སྐད་ཡིག་བོད་ཡིག་དང་དབྱིན་ཡིན། རྒྱ་ཡིག་བཅས་སྐད་ཡིག་གསུམ་ནས་བཏོན་གནང་སོང་ལ།  སྙན་ཐོ་དེའི་ནང་འཁོད་དོན་ཕྱི་ལོ་༢༠༢༣ ལོར་བོད་ནང་རྒྱ་ནག་གཞུང་གིས་ནད་ཡམས་ཀྱི་སྲིད་བྱུས་ཀླད་ཀོར་ཟེར་བ་དེ་མཚམས་འཇོག་བྱས་ཟིན་ཡོད་ཀྱང་། བོད་ནང་མུ་མཐུད་ནས་སྨྲ་བརྗོད་རང་དབང་དང་། ཆོས་དད་རང་དབང་སོགས་འགྲོ་བ་མིའི་ཐོབ་ཐང་ཁག་ལ་བཀག་སྡོམ་སྔར་ལྷག་ཐོག་གཞིས་བྱེས་བོད་མི་དང་རྒྱལ་སྤྱིའི་ཚོགས་སྡེ་ནས་བོད་དུ་རིག་གཞུང་བཙན་བསྒྱུར་གྱི་ལས་གཞི་སྤེལ་བཞིན་པ་རྣམས་མཚམས་འཇོག་དགོས་པའི་དགོས་འདུན་ལན་མང་བཏོན་པ་ལ་ཉན་འཇོག་མ་བྱས་པར། མུ་མཐུད་ནས་བོད་ནང་རྒྱ་བསྒྱུར་གྱི་སློབ་གསོའི་ལམ་ལུགས་སྤེལ་ཤུགས་ཇེ་ཆེར་བཏང་ནས་མི་རིགས་རྒྱ་བསྒྱུར་དང་རིག་གཞུང་བཙན་བསྒྱུར་གྱི་ལས་འགུལ་མངོན་གསལ་དོད་པོར་སྤེལ་བཞིན་ཡོད་པ་འཁོད་འདུག་ལ། རྒྱ་ནག་གཞུང་གིས་སྤྱི་ཚོགས་བརྟན་རླིང་དང་དྲྭ་ལམ་གྱི་བདེ་འཇགས་སོགས་ཀྱི་མིང་ཐོག་ནས་བོད་མི་ཚོའི་འདུ་འཛོམས་རང་དབང་ལ་མུ་མཐུད་བཀག་སྡོམ་ཇེ་ཆེར་བྱེད་པ་ཙམ་མིན་པར་ྲདང་བདེན་མ་ཡིན་པའི་སྲིད་བྱུས་ལག་བསྟར་བྱས་པར་དྲྭ་ལམ་དང་། ཡུལ་དངོས་གཉིས་ནས་བསམ་ཚུལ་ཤོད་མཁན་དང་སྐྱོན་བརྗོད་བྱེད་མཁན་གྱི་བོད་མི་ཚོ་འཇུ་བཟུང་མནར་གཅོད་དང་། བཙོན་འཇུག་ཁྲིམས་ཆད་སོགས་བྱས་དང་བྱེད་མུས་ཡིན་པ་འཁོད་འདུག ད་ཆར་བོད་ནང་དུ་མཚོན་ན་བོད་མི་མང་པོ་ཞིག་གིས་ཕྱི་ཕྱོགས་སུ་འབྲེལ་བ་བྱས་ཡོད་པ་ཤེས་རྟོགས་བྱུང་བ་ཙམ་གྱིས་རྒྱ་ནག་གཞུང་གིས་འཇུ་བཟུང་དང་། བཀག་ཉར་བྱས་ནས་བོད་མི་མང་པོ་ཞིག་ལོ་མང་རིང་བཙོན་ནང་མནར་གཅོད་མྱངས་དང་མྱོང་བཞིན་ཡོད་པར་བརྗོད་སོང་།  དེ་བཞིན་བོད་ནང་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་དོ་དམ་བྱེད་ཐབས་ཀྱི་སྒྲིག་ཁྲིམས་གསར་པ་སོགས་སྤེལ་ནས་ཆོས་ཕྱོགས་ཀྱི་ལས་དོན་མཐའ་དག་གཞུང་རང་གིས་དོ་དམ་འོག་བཅུག་སྟེ། བོད་མི་རྣམས་ཀྱི་ཆོས་ལུགས་དད་མོས་རང་དབང་ལ་སྔར་ལྷག་རྡོག་རོལ་ཚབས་ཆེན་གཏོང་བཞིན་པ་དང་། འགོག་རྐྱེན་སྣ་མང་བཟོ་བཞིན་ཡོད་པ་ཡང་འཁོད་འདུག བོད་ནང་ཡོད་པའི་བོད་མི་ཞིག་གིས་གལ་སྲིད་ཕྱི་ཕྱོགས་སུ་ཡོད་པའི་བླ་ཆེན་ཁག་ལ་དངུལ་སོགས་ཕུལ་བ་ཤེས་རྟོགས་བྱུང་ཚེ། དེ་མ་ཐག་ཏུ་འཇུ་བཟུང་དང་། རྒྱལ་ཁབ་ཁ་བྲལ་གྱི་ཉེས་ཆད། ཁ་བྲལ་རིང་ལུགས་པ་དང་ངན་འབྲེལ་བྱས་པའི་ཉེས་མིང་འོག་སྡུག་སྦྱོང་ཚད་མེད་མྱོང་གི་ཡོད་པར་ཡང་བརྗོད་སོང་།  སྔར་རྒྱུན་ལྟར་བོད་ནང་བོད་མི་མང་པོ་བཙོན་འོག་ཏུ་ཚུད་པ་དག་ལ་རྒྱ་ནག་གཞུང་གིས་དྲང་བདེན་མ་ཡིན་པའི་ཐོག་ནས་ཁྲིམས་བཤེར་གྱི་ཐོབ་ཐང་མ་སྤྲད་པ་དང་། རང་དབང་ལྡན་པའི་ཐོག་ནས་ཁྲིམས་རྩོད་པ་གླ་རྒྱུའི་ཐོབ་ཐང་མ་སྤྲད་པ། ཁྲིམས་འགལ་ཐོག་ནས་དུས་ཡུན་རིང་པོར་གསང་བའི་བཀག་ཉར་བྱས་ཏེ་རྡུང་སྦྱོང་མནར་གཅོད་ཚད་མེད་མྱངས་ནས་མཐར་བཙོན་འཇུག་ཁྲིམས་ཆད་ལྗིད་མོ་གཅོད་བཞིན་པའི་གནས་ཚུལ་མུ་མཐུད་འབྱུང་བཞིན་ཡོད་པའི་སྐོར་དང་། དོན་རྐྱེན་དེ་དག་གིས་རྐྱེན་པས་བོད་མི་མི་ཉུང་བ་ཞིག་བཙོན་འོག་ཏུ་ཡོད་དུས་ཚེ་སྲོག་ཤོར་བ་དང་། ཡང་འགའ་ཤས་བཙོན་གྲོལ་ཐོབ་རྗེས་སུ་ལུས་ཕུང་ཇེ་ཞན་དུ་གྱུར་ནས་འདས་གྲོངས་སུ་འགྱུར་མཁན་ཡང་ཡོད་པར་བརྗོད་སོང་ལ། རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་སྔར་ལས་ཇེ་སྡུག་ཏུ་གཏོང་བཞིན་ཡོད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་སྐྱོན་བརྗོད་དང་འབོད་སྐུལ་གང་འཚམ་བྱས་ཡོད་ཀྱང་། ད་བར་ཕན་འབྲས་ཆེན་པོ་ཐོན་མེད་པ་མ་ཟད། ཕྱི་ལོ་༢༠༢༣ ལོར་རྒྱ་ནག་སླར་ཡང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མིར་བདམས་ཐོན་བྱུང་བ་དེས་རྒྱ་ནག་གིས་དཔལ་འབྱོར་ལ་བརྟེན་ནས་མཉམ་འབྲེལ་རྒྱལ་ཚོགས་སོགས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་བྱེད་མཁན་གྱི་སྒྲིག་འཛུགས་ཁག་གི་ནུས་པ་ཉམས་དམས་སུ་གཏོང་ཐབས་བྱས་པར་དོན་འབྲས་སྨིན་བཞིན་པ་མཚོན་ཡོད་ཅེས་འཁོད་འདུག  བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་རྒྱུ་ནི་སྐབས་བབས་ཀྱི་གནད་དོན་གལ་ཆེ་ཤོས་ཤིག་ཡིན་པ་མ་ཟད། བོད་མི་རིགས་ཀྱི་རིག་གཞུང་དང་སྐད་ཡིག་སོགས་རྒྱུན་གནས་ཐུབ་མིན་དང་ཐད་ཀར་འབྲེལ་ཆགས་ཡོད་པར་བརྟེན། རྒྱ་ནག་གཞུང་གིས་ངེས་པར་དུ་རྒྱལ་སྤྱིའི་སྤྱི་ཚོགས་དང་རང་གི་རྩ་ཁྲིམས་སོགས་ཀྱིས་བསྐུར་བའི་ལས་འགན་དག་ཚུལ་བཞིན་བསྒྲུབས་ཏེ་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་འགན་སྲུང་ནན་པོ་བྱེད་དགོས་པ་སོགས་བརྗོད་སོང་། གསར་འགོད་པ། བསོད་ནམས་ཕུན་ཚོགས།

ཨོ་གླིང་གི་ཕྱི་སྲིད་བློན་ཆེན་གྱིས་ཝང་ཡིས་ལ་བོད་དོན་གླེང་ཡོད་འདུག

ཟླ་འདིའི་ཚེས་༡༨ ནས་ཉིན་གྲངས་ལྔའི་རིང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡིས་ནིའུ་ཛི་ལེནྜ་དང་ཨོ་སི་ཁྲོ་ལི་ཡ་བཅས་ལ་ཕྱོགས་གཉིས་ཀྱི་ཚོང་འབྲེལ་སོགས་ཀྱི་ཆེད་དུ་བསླེབས་ཡོད་འདུག་པས། དེ་རིང་ཨོ་སོ་ཁྲོ་ལི་ཡར་བོད་མི་དང་ཡུ་གུར་བ། ཧོང་ཀོང་དང་ཧྥ་ལུང་ཀུང་གི་ཆོས་ཚོགས། རྒྱ་མི་མང་གཙོ་དོན་གཉེར་བ་བཅས་ཀྱིས་ངོ་རྒོལ་ལས་འགུལ་སྤེལ་འདུགཟླ་༣ པའི་ཚེས་༢༠ ཉིན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡིས་ཨོ་སི་ཁྲོ་ལི་ཡར་འབྱོར་སྐབས། བོད་མི་དང་ཡུ་གུར་བ། ཧོང་ཀོང་དང་ཧྥ་ལུང་ཀང་ཚོགས་པ་སོགས་ཀྱིས་ཨོ་སི་ཁྲོ་ལི་ཡའི་གྲོས་ཚོགས་དང་རྒྱལ་ས་ཁེན་བྷ་རར་རྒྱ་ནག་གི་གཞུང་ཚབ་གྱི་མདུན་གཙོས་པའི་ས་ཁུལ་ཁག་མང་པོ་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་འདུག ཝང་ཡིས་དང་འབྲེལ་ནས་ཉེ་ཆར་དེར་ཡོད་བོད་ཀྱི་སྐུ་ཚབ་དོན་གཅོད་ཀརྨ་སེང་གེས་ཝང་ཡིས་བདུན་ཕྲག་འདིའི་ནང་ཨོ་སི་ཁྲོ་ལི་ཡར་འབྱོར་སྐབས་ཨོ་གླིང་གི་ཕྱི་སྲིད་བློན་ཆེན་ནས། བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་དང་སྡེ་དགེ་རྫོང་ཁོངས་ནས་བོད་མི་འཛིན་བཟུང་བྱས་པ་རྣམས་གློད་དགོས་པ། རྒྱ་གཞུང་གིས་བོད་ནང་དུ་ལྟ་ཞིབ་ཆེད་གསར་འགོད་པ་སོགས་འགྲོ་སྐྱོད་ཆོག་པ་བྱ་རྒྱུ། བོད་རྒྱ་འབྲེལ་མོལ་དང་ད་ལྟའི་བོད་ནང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པ་སོགས་ཀྱི་ཐད་གླེང་སློང་གནང་བའི་རེ་སྐུལ་ཚུད་པའི་དོན་ཚན་བཞི་ཅན་གྱི་སྙན་ཞུ་ཞིག་ཕུལ་ཡོད་འདུག ཁོང་མོས་ཀྱང་ཝང་ཡིས་མ་ཐུག་སྔོན་བརྒྱུད་ལམ་ཁག་ཏུ་བོད་དོན་སོགས་གླེང་གི་ཡིན་པར་བརྗོད་ཚུལ་འདུག་པ་བཞིན། དེ་རིང་ཨོ་སི་ཁྲོ་ལི་ཡའི་གསར་ལམ་གྱི་གནས་ཚུལ་ལྟར་ན། ཨོ་སི་ཁྲོ་ལི་ཡའི་ཕྱི་སྲིད་བློན་ཆེན་གྱིས་ཝང་ཡིས་ལ་བོད་དང་ཧོང་ཀོང་། ཡུ་གུར་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་གནང་ཡོད་པར་བརྗོད་འདུག་ལ།   དེ་བཞིན་ནེའུ་ཛི་ལཎྜིའི་སྲིད་བློན་གཞོན་པས་ཀྱང་ཝང་ཡིས་ལ་བོད་དང་ཡུ་གུར། ཧོང་ཀོང་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་རྒྱ་གར་ཞི་བདེ་རྒྱ་མཚོ་དང་། ཐའེ་ཝན་མཚོ་ཁུལ་གྱི་གནད་དོན་བཅས་ལ་གླེང་ཡོད་པ་བརྒྱུད་ལམ་ཁག་ཏུ་མཐོང་རྒྱུ་འདུག ཕྱི་ལོ་ ༢༠༡༧  རྗེས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཨོ་སི་ཁྲོ་ལི་ཡ་དང་ནེའུ་ཛི་ལཎྜིའི་ནང་སྐོར་བསྐྱོད་ཡོང་བ་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་འདུག་པ་དང་། ཐེངས་འདིའི་སྐོར་བསྐྱོད་དང་མཇལ་འཕྲད་སྐབས་སུ་ཚོང་དང་བདེ་འཇགས་སོགས་ཀྱི་སྐོར་གླེང་ཡོད་འདུགགསར་འགོད་པ། བསྟན་འཛིན་ལམ་བཟང་།

གྲོས་ཚོགས་ལས་ཉིན་གསུམ་པར་སྤྱི་ཡོངས་བགྲོ་གླེང་དང་སྔོན་རྩིས་ཁག་གཏན་འབེབས་གནང་སོང་།

ཟླ་འདིའི་ཚེས་༢༠ ཉིན་གྱི་ཞོགས་པའི་ཆུ་ཚོད་༩།༣༠ སྟེང་སྐབས་༡༧ ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་གསུམ་པ་སྤྱི་འཐུས་ཚོགས་གཙོ་དབུ་བཞུགས་ཐོག་དབུ་འཛུགས་གནང་ནས་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་ཐོག་སྤྱི་ཡོངས་བགྲོ་གླེང་དང་གཏན་འབེབས་གནང་སོང་། གྲོས་ཚོགས་ནང་ཨོ་སི་ཁྲོ་ལི་ཡར་བོད་མི་གཞིས་སྤོས་ལས་གཞིའི་སྐོར་དང་ཕྱི་རྒྱལ་ཁག་ནས་བོད་ནང་དུ་གཉེན་འཕྲད་འགྲོ་སྟངས་སོགས་ཀྱི་ཐོག་དགོངས་ཚུལ་དང་དོགས་འདྲི་ཕུལ་བར། བདེ་སྲུང་བཀའ་བློན་གྱིས་ལན་འདེབས་གསལ་བཤད་གནང་རྗེས། བདེ་སྲུང་ལས་ཁུངས་ཀྱི་དམིགས་བསལ་དང། ཟུར་བཀོལ་སྔོན་རྩིས་གཏན་འབེབས་གནང་སོང་། དེ་ནས་ཕྱི་དྲིལ་ལས་ཁུངས་ཀྱི་རྒྱུན་གྲོན་དང། དམིགས་བསལ། ཟུར་བཀོལ་སྔོན་རྩིས་བཅས་ཀྱི་ཐོག་བགྲོ་གླེང་གནང་བ་དང་། བགྲོ་གླེང་སྐབས་སུ་སྤྱི་འཐུས་རྣམ་པས་བོད་ཀྱི་འགྲེམས་སྟོན་ཁང་གི་གལ་ཆེན་རང་བཞིན་དང་། འགྲེམས་སྟོན་ཁང་ནང་གི་ས་ཁྲ་དག་སྔོན་སོང་གི་ལོ་རྒྱུས་ལ་ཁུངས་གཏུགས་ནས་ས་ཁྲ་ཚད་ལྡན་དགོས་པ། བོད་ཀྱི་སྲིད་དོན་རྒྱལ་རབས་དེ་སྐད་ཡིག་གཞན་དང་གཞན་ལ་བསྒྱུར་ནས་འགྲེམ་སྤེལ་བྱ་རྒྱུ་གལ་ཆེན་ཡིན་པ། དོན་གཅོད་ཁག་གིས་གནད་ཡོད་མི་སྣ་མཇལ་འཕྲད་གནང་བའི་སྐབས་བོད་ཆས་གྱོན་དགོས་པ། རྒྱ་གར་ནང་འཛིན་སྐྱོང་བཀའ་ཤག་དང་གྲོས་ཚོགས་འཐུས་མི། དེ་བཞིན་དང་བླང་བོད་དོན་ཞུ་གཏུགས་གནང་མཁན་བཅས་ཀྱིས་རྒྱ་གར་ནང་ཞུ་གཏུགས་ཀྱི་ལས་འགུལ་རྒྱ་ཆེན་པོ་སྤེལ་དགོས་པ། སྲིད་བྱུས་ཉམས་ཞིབ་ཁང་དང་འབྲེལ་བའི་ཐོག་བོད་ནང་རྒྱ་ནག་གིས་སྲིད་བྱུས་ལག་བསྟར་བྱེད་ཕྱོགས་དང་བོད་ནང་གི་འཁོར་ཡུག་དང་ཆབ་སྲིད་ཀྱི་གནས་བབ་སོགས་ཀྱི་ཐོག་ལ་ཉམས་ཞིབ་གནང་དགོས་པ། རྒྱུན་དུ་ཟབ་སྦྱོང་དང་ཉམས་ཞིབ་ཚོགས་འདུའི་ཐོག་གཞོན་སྐྱེས་ཆེད་ལས་པ་རྣམས་ལ་སོ་སོའི་ཆེད་ལས་དང་མཐུན་པའི་ཐོག་གཏམ་བཤད་གནང་རྒྱུའི་གོ་སྐབས་བསྐྲུན་དགོས་པ། ཟབ་ཁྲིད་གནང་མཁན་རྣམས་ཀྱང་ས་གནས་འདྲ་མིན་ནས་མཁས་པ་སྣ་ཚོགས་གདན་ཞུ་བྱེད་དགོས་པ་སོགས་ཀྱི་ཐོག་ལ་བགྲོ་གླེང་དང་དོགས་འདྲི་གནང་བར་ཕྱི་དྲིལ་བཀའ་བློན་གྱིས་ལས་འདེབས་གསལ་བཤད་གནང་སོང་། དེ་རིང་ཉིན་རྒྱབ་ཚོགས་ཐེངས་གསུམ་པའི་ཐོག་ཚོགས་གཞོན་དབུ་བཞུགས་ཐོག་ཕྱི་དྲིལ་ལས་ཁུངས་ཀྱི་རྒྱུན་གྲོན་དང། དམིགས་བསལ། ཟུར་བཀོལ་སྔོན་རྩིས་རྣམས་གྲོས་ཚོགས་ནས་གཏན་འབེབས་གནང་སོང་། གསར་འགོད་པ། བློ་བཟང་རྒྱ་མཚོ།

གྲོས་ཚོགས་ལས་ཉིན་༢ པར་སྔོན་རྩིས་ཁག་ཅིག་གཏན་འབེབས་དང་བགྲོ་གླེང་ལྷུག་པོར་གནང་སོང་།

ཟླ་འདིའི་ཚེས་༡༩ ཉིན་གྱི་ཞོགས་པའི་ཆུ་ཚོད་༩།༣༠ སྟེང་སྐབས་༡༧ ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་གཉིས་པ་སྤྱི་འཐུས་ཚོགས་གཙོ་དབུ་བཞུགས་ཐོག་དབུ་འཛུགས་གནང་སོང་། ལས་རིམ་ལྟར་ཐོག་མ་བོད་ནང་ཛ་དྲག་གནས་སྟངས་ལ་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཐོག་སྤྱི་འཐུས་རྣམ་པས་བགྲོ་གླེང་གནང་བ་མ་ཟད། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གིས་ཀྱང་བགྲོ་གླེང་གི་ཆ་ཤས་བླངས་ནས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་བར་ཁྱད་པར་ཡོད་པ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གཅིག་ལ་ཡང་ལས་འགུལ་སྤེལ་མི་ཆོག་པ་དང་སྤེལ་ན་ཡང་ངོ་བོ་དེ་འདྲ་སྤེལ་དགོས་པ་དང་གཞན་གྱིས་སྤེལ་མི་ཆོག་པ་སོགས་ཞུས་མེད་པའི་སྐོར་དང་། འཛིན་སྐྱོང་བཀའ་ཤག་གི་སྲིད་བྱུས་དབུ་མའི་ལམ་བཟུང་བའི་ཐོག་ནས་ཐབས་བྱུས་ལ་འགྱུར་བ་ཕྲན་བུ་བཏང་ཡོད་པ་དང་། དེ་ཡང་བོད་དེ་ལོ་རྒྱུས་ཀྱི་ཐོག་རང་བཙན་ཡིན་པ་ངོས་འཛིན་མ་བྱུང་ན་དབུ་མའི་ལམ་ལ་གདེང་འཇོག་ཡོང་གི་མེད་པ་དང་རང་བཙན་རྩོད་མཁན་ཚོས་ཀྱང་བོད་དེ་ལོ་རྒྱུས་ཐོག་རང་བཙན་ཡིན་པ་སྒྲུབ་དགོས་པ། དབུ་མའི་ལམ་གྱི་སྲིད་བྱུས་ལ་བརྟེན་ནས་བརྒྱད་ཅུ་དང་དགུ་བཅུའི་ནང་སོགས་བོད་ནང་ཕར་འགྲོ་ཚུར་ཡོང་ལ་ཕན་ཐོགས་ཚུལ། དེ་བཞིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་གཏན་འབེབས་བྱུང་བ་དེ། ད་དུང་ཁྲིམས་ཆགས་མེད་པས་ཚང་མས་ཤུགས་རྒྱག་དགོས་སྐོར་སོགས་གསུངས་རྗེས། བོད་ནང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་འཆར་ལ་སྤྱི་མོས་ཐོག་གཏན་འབེབས་གནང་སོང་། ཚོགས་ཐུན་གསུམ་པར་དཔལ་འབྱོར་བཀའ་བློན་གྱི་སྔོན་རྩིས་གསུང་བཤད་དང་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོ་བཅས་སྙན་སྒྲོན་ཟིན་པར་སྤྱི་ཡོངས་བགྲོ་གླེང་གནང་རྗེས། ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་ཐོག་སྤྱི་ཡོངས་བགྲོ་གླེང་དང་གཏན་འབེབས་ཀྱི་ལས་རིམ་བསྐྱངས་སོང་། སྐབས་དེར་ཚོགས་དྲུང་ལས་ཁུངས་ཀྱི་ངེས་ཅན་འགྲོ་གྲོན་གྱི་བསྡོམས་ཧིན་སྒོར་༡༡༩༥༢༦༤། དང་ཆེས་མཐོ་ཁྲིམས་ཞིབ་ཁང་གི་ངེས་ཅན་འགྲོ་གྲོན་བསྡོམས་ཧིན་སྒོར་༢༠༢༨༨༤༠། ཕྱི་ལོ་༢༠༢༤ ནས་༢༠༢༥ ལོའི་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ཀྱི་དམིགས་བསལ་བཀའ་འཁྲོལ་སྔོན་རྩིས་ཧིན་སྒོར་༣༨༦༧༤༨༤། སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ཀྱི་ཟུར་བཀོལ་གྱི་བསྡོམས་༢༥༢༡༥༠༨། ཆེས་མཐོ་ཁྲིམས་ཞིབ་ཁང་གི་རྒྱུན་གྲོན་གྱི་བསྡོམས་༥༣༡༡༧༩༦། ཆེས་མཐོ་ཁྲིམས་ཞིབ་ཁང་གི་དམིགས་བསལ་བཀའ་འཁྲོལ་གྱི་བསྡོམས་ཧིན་སྒོར། ༣༣༠༠༠༠། ཆེས་མཐོ་ཁྲིམས་ཞིབ་ཁང་གི་ཟུར་བཀོལ་སྔོན་རྩིས་བསྡོམས་ཧིན་སྒོར་༢༠༠༠༠༠། བྱང་ཕྱོགས་བོད་མི་ས་གནས་ཁྲིམས་ཞིབ་ཁང་གི་རྒྱུན་གྲོན་གྱི་བསྡོམས་ཧིན་སྒོར་༡༤༠༡༩༩༢། ལྷོ་ཕྱོགས་བོད་མི་ས་གནས་ཁྲིམས་ཞིབ་ཁང་གི་རྒྱུན་གྲོན་གྱི་བསྡོམས་ཧིན་སྒོར། ༡༡༧༡༨༣༢། ལ་དྭགས་བོད་མི་ས་གནས་ཁྲིམས་ཞིབ་ཁང་གི་རྒྱུན་གྲོན་གྱི་བསྡོམས་ཧིན་སྒོར་༡༧༡༤༢༡༣། སོགས་གཏན་འབེབས་གནང་སོང་། གཞན་ཡང་གྲོས་ཚོགས་ནང་བདེ་སྲུང་ལས་ཁུངས་ཀྱི་ལས་དོན་གནང་ཕྱོགས་དང་འབྲེལ་སྤྱི་འཐུས་རྣམ་པས་ཨོ་སི་ཀྲོ་ལི་ཡར་བོད་མི་གཞིས་སྤོས་ལས་གཞིའི་སྐོར་དང་། ཕྱིར་ཐོན་ཆོག་མཆན་ (Exit Permit) ཞུ་ཕྱོགས། དེ་བཞིན་ཕྱི་རྒྱལ་ཁག་ནས་བོད་ནང་དུ་གཉེན་འཕྲད་འགྲོ་སྟངས་སོགས་ཀྱི་ཐོག་དགོངས་ཚུལ་དང་། དོགས་འདྲི་ཕུལ་བར། དཔལ་ལྡན་བདེ་སྲུང་བཀའ་བློན་གྱིས་ལན་འདེབས་གསལ་བཤད་གནང་སོང་།  ལྷག་ཏུ་ཨོ་སི་ཁྲོ་ལི་ཡར་འགྲོ་མ་ཐུབ་པའི་དཀའ་ངལ་དེར་གསལ་ཁ་དགོས་པའི་སྐོར་འདྲི་སྐབས། བདེ་སྲུང་བཀའ་བློན་ནས་ཨོ་སི་ཁྲོ་ལི་ཡ་གཞུང་ཕྱོགས་ནས་དཀའ་ངལ་མང་པོ་ཡོང་གི་ཡོད་པ་དང་། དེའི་ཐད་ཞུ་གཏུག་བྱ་ངེས་ཡིན་པ། ད་ལྟའི་ཆར་གྲ་སྒྲིག་ཟིན་པའི་མི་༢༤ ཙམ་ཡོད་པ་དེ་ལོ་འདིར་གཏོང་ཐུབ་རྒྱུའི་འབད་བརྩོན་གནང་གི་ཡིན་པ་དང་། གཞན་པ་ཚོར་མུ་མཐུད་དཀའ་ངལ་དེ་སེལ་ཐབས་བྱེད་རྒྱུ་ཡིན་སྐོར་སོགས་ལན་འདེབས་གསལ་བཤད་གནང་རྗེས། བདེ་སྲུང་ལས་ཁུངས་མ་ལག་དང་བཅས་པའི་རྒྱུན་གྲོན་ཐོག་བགྲོ་གླེང་མཇུག་བསྒྲིལ་གནང་སོང་།གསར་འགོད་པ། བློ་བཟང་རྒྱ་མཚོ།

རྒྱ་ནག་གི་ས་ཁང་ཚོང་གཉེར་ཁང་ཆེན་པོ་ཞིག་གི་བདག་པོར་ལྐོག་ཟ་རུལ་སུངས་ཀྱི་ཉེས་ཆད་བཅད་འདུག 

རྒྱ་ནག་ནང་ད་ཆར་ལྐོག་ཟ་རུལ་སུངས་ཀྱི་ཉེས་འཛུགས་འོག་ཚོང་པ་དང་འགོ་ཁྲིད་སོགས་མི་མང་པོ་ཞིག་ལ་ཉེས་ཆད་ལྗིད་པོ་གཅོད་ཀྱི་ཡོད་འདུག་པ་བཞིན། ད་ལྟའི་ཆར་རྒྱ་ནག་ནང་ཚོང་གཉེར་ཁང་ཆེན་པོ་ཞིག་གི་བདག་པོ་ལ་ལྐོག་ཟ་རུལ་སུངས་ཀྱི་ཉེས་ཆད་ལྗིད་པོ་ཕོག་ཡོད་འདུག  ཕྱི་ཚེས་༡༩ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གི་སྒྲིག་ཁྲིམས་ཞིབ་གཤེར་ཨུ་ཡོན་ལྷན་ཁང་ཟེར་བ་དེས་རྒྱ་ནག་ནང་གི་ས་ཁང་ཚོང་གཉེར་ཁང་(Evergrande)ཞེས་པ་གསར་འཛུགས་བྱེད་མཁན་(Hui Ka Yan)ཧུའེ་ཁཱ་ཡན་ཟེར་བའི་མི་དེས་ཨ་སྒོར་ཐེར་འབུམ་༧༨ ལྐོག་ཟ་རུལ་སུངས་བྱས་ཡོད་ཚུལ་དང་། ཕྱི་ལོ་༢༠༡༩ ནས་༢༠༢༠ བར་ལོ་གཅིག་ནང་གི་ཡོང་འབབ་ལ་ལྟ་དུས། ཡོང་འབབ་ཀྱི་སྡོམ་རྩིས་ཁྲོད་ཁོས་རང་གི་ལས་བྱེད་རྣམས་ལ་ཁོའི་(Hengda)ཟེར་བའི་ཚོང་གཉེར་ཁང་གི་ལོ་འཁོར་གྱི་ཡོང་འབབ་ཀྱི་རྩིས་འབྲས་རྫུན་བཟོ་བྱེད་བཅུག་ཡོད་པ་རེད་ཅེས་བརྗོད། རྒྱུ་མཚན་དེར་བརྟེན་ནས་ཁོ་ལ་ཨ་སྒོར་ས་ཡ་༦་༥ ཉེས་ཆད་ཕོག་ཡོད་འདུག་པ་དང་། མི་ཚེ་ཧྲིལ་པོར་དཔལ་འབྱོར་གྱི་ཁྲོམ་རྭའི་ནང་འཛུལ་མི་ཆོག་པར་བཀག་ཡོད་འདུག་ལ།  ས་ཁང་ཚོང་གཉེར་ཁང་དེ་ལ་ཨ་སྒོར་ས་ཡ་༥༨༣.༥ ཡི་ཆད་པ་བཅད་འདུག ཕྱི་ཟླ་༡ པའི་ནང་ཧོང་ཀོང་གི་ཁྲིམས་ཁང་ཞིག་གིས་(Evergrande)སྒོ་རྒྱག་དགོས་པའི་བཀའ་བཏང་ཡོད་འདུག ལོ་སྔོན་མའི་ཕྱི་ཟླ་༡༢ ནང་ཧུའེ་ཁ་ཡན་ཟེར་བ་ཁོ་རྒྱ་ནག་གཞུང་གི་ཉེན་རྟོག་པས་ཁོས་ཁྲིམས་འགལ་གྱི་བྱ་སྤྱོད་རིགས་བྱེད་ཀྱི་ཡོད་མིན་གྱི་དོགས་གཞིའི་འོག་ནས་ཁོ་ལ་དྲི་རྩད་ནན་པོ་བྱས་ཡོད་འདུག རྒྱ་ནག་གི་སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་བྱེད་རྒྱུ་དང་ཚོང་གཉེར་ཁང་ཆུང་གྲས་རིགས་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་རྗེས། ཁོ་ལ་ཉེས་ཆད་ག་ཚོད་ཕོག་ཡོད་མེད་གསལ་བསྒྲགས་བྱས་ཡོད་འདུག ད་ལྟ་རྒྱ་ནག་ནང་དཔལ་འབྱོར་གྱི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག་པ་དང་། ཚོང་གཉེར་ཁང་མང་པོ་ཞིག་བུ་ལོན་ཕོན་ཆེན་ནང་ཐིམ་ཡོད་པ་བཞིན། (Evergrande)ཟེར་བའི་ཚོང་གཉེར་ཁང་དེ་ལྟ་བུར་མཚོན་ན་རྒྱ་ནག་ནང་ས་ཁང་ཚོང་གཉེར་ཁང་ཆེ་ཤོས་དང་མིང་གྲགས་ཡོད་མཁན་ཞིག་ཡིན་ཡང་། ད་ཆར་ཨ་སྒོར་ས་ཡ་༣༠༠ ཙམ་གྱི་བུ་ལོན་ནང་ཡོད་འདུག ཕྱི་ལོ་༢༠༢༡ ནས་རྒྱ་གཞུང་གིས་སྲིད་བྱུས་ལ་འགྱུར་བ་ཆེན་པོ་བཏང་ཡོད་འདུག་པར་བརྟེན། ད་ལྟ་ཚོང་གཉེར་ཁང་མང་པོ་ཞིག་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག ཁ་སང་གཟའ་ཟླ་བའི་ཉིན་རྒྱ་ནག་གཞུང་གིས་གྲངས་ཐོ་བཏོན་པ་ལྟར་ན། འདས་པའི་ཟླ་བ་དང་པོ་དང་གཉིས་པའི་ནང་རྒྱ་ནག་ནང་དུ་མ་རྩ་འཛུགས་མཁན་བརྒྱ་ཆ་༩ ཙམ་ཉུང་དུ་ཕྱིན་ཡོད་འདུག་ལ། འཛུགས་སྐྲུན་ལས་གཞི་བྱེད་རྒྱུར་ལོ་སྔོན་མ་ལས་བརྒྱ་ཆ་༣༠ ད་ལོ་ཉུང་དུ་ཕྱིན་ཡོད་པར་བརྗོད་འདུག  གསར་འགོད་པ། བསོད་ནམས་ཕུན་ཚོགས།

ཉག་ཆུ་རྫོང་གི་མེ་སྐྱོན་གྱིས་ཁྱིམ་ཚང་མང་པོ་གནས་སྤོ་དགོས་བྱུང་འདུག

ཉག་ཆུ་རྫོང་གི་ནགས་སུ་མེ་ཤོར་བ་དེ་ཕྱོགས་གཅིག་ནས་གསོད་ཐུབ་ཡོད་པ་དང་ཕྱོགས་གཞན་གཉིས་ནས་ད་དུང་མེ་གསོད་ཐབས་བྱེད་བཞིན་ཡོད་པར་བརྗོད་འདུག ཟླ་འདིའི་ཚེས་༡༨ ་ཉིན་བོད་ནང་གི་བརྒྱུད་ལམ་ཁག་གི་གནས་ཚུལ་ལྟར་ན། ཟླ་འདིའི་ཚེས་༡༥ ་ཕྱི་དྲོ་ནས་ཉག་ཆུ་རྫོང་མགར་ར་གྲོང་བརྡལ་དཔེ་རྩེ་གྲོང་ཚོའི་ཉེ་འགྲམ་གྱི་ནགས་ཚལ་ལ་མེ་ཤོར་ཡོད་པ་དང་། རླུང་ཤུགས་ཆེ་བས་རིམ་གྱིས་མེ་མཆེད་དེ་ཕྱོགས་གསུམ་གྱི་ནགས་ནས་མེ་ཤོར་ཞིང་། དེ་ཡང་ད་ཐེངས་ཀྱི་མེ་སྐྱོན་ཤོར་ས་དང་པོ་ཉག་ཆུ་རྫོང་གྲོང་གི་ལྷོ་ནུབ་ཕྱོགས་སུ་ཡིན་པ་དང་། མེ་ཤོར་ས་གཉིས་པ་དེ་ཉག་ཆུ་རྫོང་གྲོང་གི་བྱང་ཤར་ཕྱོགས་དང་། མེ་ཤོར་ས་གསུམ་པ་དེ་ཉག་ཆུ་རྫོང་གྲོང་གི་ནུབ་བྱང་ངོས་སུ་ཡིན་ཞིང་། སྐབས་འདིར་མེ་སྐྱོན་གྱི་ཤུགས་རྐྱེན་ཕོག་སའི་གྲོང་ཚོ་༡༡ དང་སྡེ་ཁུལ་༡ ་གི་དུད་ཚང་༨༣༧ ་གྱི་མི་༣༣༩༦ ་ཚང་མ་ས་གནས་གཞན་ལ་གནས་སྤོ་བྱེད་དགོས་བྱུང་བ་དང་། ད་བར་མི་ཤི་རྨས་ཀྱི་གནས་ཚུལ་ཐོན་མེད་པར་བརྗོད་འདུག མེ་སྐྱོན་ཤོར་བའི་གནས་ཚུལ་བྱུང་རྗེས་ས་གནས་ཁག་ཅིག་ནས་ཆེད་ལས་མེ་གསོད་མཁན་དང་མི་མང་སོགས་མི་ཆིག་སྟོང་ལྷག་དང་། ཐད་འཕུར་གནམ་གྲུ་༨ ཙམ་སྒྲིག་འཛུགས་ཀྱིས་ཆུ་བླུག་པ་སོགས་ཀྱིས་མེ་གསོད་ཐབས་བྱེད་བཞིན་ཡོད་སྐད་རྒྱ་ནག་གཞུང་འབྲེལ་གྱི་གསར་ལམ་ཁག་ནས་སྒྲོག་བཞིན་འདུག   མེ་སྐྱོན་དེའི་དབང་གིས་དར་མདོ་གྲོང་ཁྱེར་ར་རྔ་ཁ་གྲོང་བརྡལ་ནས་ལི་ཐང་རྫོང་བར་གྱི་ལམ་གནས་སྐབས་འགྲིམ་འགྲུལ་བཀག་སྡོམ་བྱེད་བཞིན་ཡོད་པར་བརྗོད། བརྙན་ཐུང་ཁག་ནང་བོད་བཟོའི་ཁང་ཆེན་དེ་འདྲ་མེ་འབར་བཞིན་པ་མཐོང་རྒྱུ་འདུག་ལ། གོང་གསལ་གྱི་ཁྱིམ་ཚང་མང་པོ་གནས་སྤོས་བྱེད་དགོས་བྱུང་བ་སོགས་ལ་བལྟས་ན་མིའི་ཚེ་སྲོག་ལ་སྐྱོན་མ་བྱུང་ཡང་། རྒྱུ་ནོར་ལ་གོད་ཆག་ཆེན་པོ་ཐེབས་ཡོད་ཚོད་འདུག་ཀྱང་རྒྱ་ནག་གི་གཞུང་འབྲེལ་གསར་ལམ་ཁག་ཏུ་ཕྱོགས་མང་པོ་ནས་མེ་གསོད་རུ་ཁག་ཚ་ཚ་འུར་འུར་གྱིས་གཏོང་བཞིན་པ་ལས། གཞན་ནགས་རི་ཕུད་པའི་མི་མང་གི་སྡོད་ཁང་སོགས་ཅི་ཙམ་ལ་གོད་ཆག་བྱུང་མིན་སོགས་ཀྱི་སྐོར་གཅིག་ཀྱང་མི་འདུགགསར་འགོད་པ། བསྟན་འཛིན་ལམ་བཟང་།

སྐུ་དྲག་གསར་པ་རེད་འདུག་བསམ་པའི་ཚོར་བ་སྦྱིན་གྱི་འདུག

སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པ་ཕྱི་ལོ་༢༠༢༤ ་ཟླ་༣་ཚེས་༡༨ ནས་ཚེས་༣༠ བར་ལས་ཉིན་བཅུ་གཉིས་རིང་འཚོག་རྒྱུ་གཏན་འཁེལ་བྱུང་བ་ལྟར། དེ་རིང་ཞོགས་པ་ཆུ་ཚོད་༩།༣༠ སྟེང་སྐབས་༡༧་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པ་སྤྱི་འཐུས་ཚོགས་གཙོ་དབུ་བཞུགས་ཐོག་དབུ་འཛུགས་གནང་སོང་། ཚོགས་བཅར་བ་རྣམས་ཚང་འཛོམས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ལེན་པ་སོགས་གནང་གྲུབ་རྗེས། ལས་རིམ་བཞིན་སྤྱི་འཐུས་ཚོགས་གཙོས་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད་གནང་སྐབས། ཆབ་སྲིད་ཀྱི་སྐྱབས་བཅོལ་བའི་གནས་བབ་ཅིག་ཡིན་པའི་ཆ་ནས་གཙོ་བོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱིས་འགན་དབང་བསྐུར་བ་གཞིར་བཟུང་། བོད་དོན་བདེན་མཐའ་སེལ་ཐབས་སུ་འགན་འཁུར་དང་ཕྱག་ལས་གནང་དགོས་རྒྱུ་གལ་ཆེན་པོ་ཆགས་ཀྱི་ཡོད་པ་དང་། ལོ་འདིའི་ནང་ཡུ་རོབ་དང་ཨ་རི། གནས་ཡུལ་རྒྱ་གར་བཅས་ཀྱི་ནང་འོས་བསྡུའི་ལས་རིམ་ཤུགས་ཆེན་ཞིག་འགྲོ་བཞིན་ཡོད་པའི་ནང་བོད་དོན་གྱི་གནས་བབ་དེ་བསླེབ་ཐུབ་དགོས་རྒྱུ་གལ་ཆེན་པོ་ཡིན་པ་དང་། གོ་སྐབས་དེ་གང་འདྲ་འཛིན་དགོས་པའི་ཐོག་ལ་རྟོག་ཞིབ་གནང་རྒྱུ་གལ་ཆེན་ཡིན་པར་གསུངས་སོང་། དེ་བཞིན་ཁོང་གིས་ཕྱོགས་གཅིག་ནས་བོད་ནང་གི་བོད་མིའི་ཚོའི་སྙིང་སྟོབས་དང་ལྷག་བསམ། བློས་བཏང་ཧ་ལས་པ་དང་བསམ་ཡུལ་ལས་འདས་པའི་གནས་བབ་ཅིག་ཆགས་ཀྱི་ཡོད་པ་དང་། ཕྱོགས་གཞན་ནས་༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བོད་ཀྱི་གནས་སྟངས་དེ་རྒྱལ་སྤྱིའི་ནང་ཐུགས་སྣང་གནང་ས་ཞིག་ཆགས་ཡོད་པར་བརྟེན་རྒྱ་གཞུང་གིས་བོད་ཀྱི་གནས་བབ་ལ་སྣང་ཆུང་བཏང་ན་ནོར་འཁྲུལ་ཡིན་པ་ནན་བརྗོད་བྱས་པ་མ་ཟད། ད་ལྟའི་རྒྱལ་སྤྱིའི་གནས་བབ་དང་བོད་ནང་གི་གནས་སྟངས། རྒྱ་ནག་གི་ཆབ་སྲིད་ཀྱི་འགྱུར་འགྲོས་ལ་བརྟེན། བོད་ཀྱི་གནས་སྟངས་ཀྱི་ཐོག་ལ་བསྐྱར་ཞིབ་ཅིག་གནང་ནས་བོད་དོན་དཀའ་རྙོག་སེལ་ཐུབ་རྒྱུའི་ཐོག་དགོངས་པ་བཞེས་རྒྱུ་གལ་ཆེན་ཡིན་པ་སོགས་ཀྱི་སྐོར་དང་། དེ་བཞིན་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་རིམ་དང་འབྲེལ། བོད་ནང་གི་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་དང་སྔོན་རྩིས་གཏན་འབེབས་བཅས་གལ་ཆེ་ཚུལ་དང་སྦྲགས། དེའི་ཐོག་སྤྱི་འཐུས་རྣམ་པས་སྤྱི་ཡོངས་ཀྱི་དགོངས་ཚུལ་སྤུང་ཐུབ་རྒྱུ་དང་། ལོ་འཁོར་ལས་བསྡོམས་ཀྱི་རྒྱུ་ཆ་འདྲ་བོའི་འབྱུང་ཁུངས་འདི། སྔོན་རྩིས་གྲོས་ཚོགས་ཆགས་ཡོད་པས། སྔོན་རྩིས་གྲོས་ཚོགས་ནང་ལས་འཆར་ག་རེ་ཁུར་འདུག དེར་དངུལ་འབོར་ག་ཚོད་འདུག ས་གནས་གང་དུ་ལ་ལས་འཆར་དེ་འགོ་འཛུགས་ཀྱི་འདུག དེ་ཚོ་གསལ་པོ་རྟོགས་ཐུབ་དགོས་རྒྱུའི་གནས་བབ་ཆགས་ཀྱི་ཡོད་པས། དེ་ཚོའི་ཐོག་ལའང་དགོངས་པ་བཞེས་དགོས་རྒྱུ་གལ་ཆེན་པོ་ཆགས་ཡོད་སྐོར་དང་། གཞན་ཡང་ཁྲིམས་བཟོའི་ལས་དོན་དང་འབྲེལ་ནས། དེའི་སྐོར་ལ་སྔོན་ཚུད་ནས་གྲ་སྒྲིག་ཡོད་པ་དང་། ཚོགས་འདུའི་འགྲོ་ལུགས་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་གཞིར་བཟུང་ཐོག་ནས། གྲོས་ཚོགས་ཀྱི་ལས་རིམ་གང་འདྲ་ཞིག་ཕེབས་ཀྱང་དེ་ལ་གོ་བསྡུར་ཞིབ་ཚགས་པོ་ཡོང་ཐུབ་པ། དེ་ཡང་དོན་ཕན་ལྡན་པ་ཡོང་ཐུབ་རྒྱུར་རྣམ་དཔྱོད་འདོན་རྒྱུའི་དགོངས་པ་བཞེས་རོགས་སོགས་ལམ་སྟོན་དང་རེ་སྐུལ་གནང་སོང་། དེའི་རྗེས་སྤྱི་འཐུས་རྣམ་པས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་གྱི་ཐོག་བགྲོ་གླེང་གནང་ཞིང་། བགྲོ་གླེང་སྐབས་སྤྱི་འཐུས་རྣམ་པས་མ་འོངས་པའི་ལས་འགུལ་སྤེལ་མཁན་དང་ལས་འགུལ་ནང་མཉམ་ཞུགས་གནང་མཁན་སློབ་མ་ཚོའི་ཆེད་གསུམ་བཅུའི་དུས་དྲན་གྱི་གཞུང་འབྲེལ་མཛད་སྒོ་དེ་ཞོགས་པ་ཆུ་ཚོད་དགུ་པ་ཙམ་ནས་ཚོགས་ཐུབ་རྒྱུ་དང་། ཕ་མ་ཚོས་ཕྲུ་གུ་སྒལ་པར་ཁུར་ནས་ལས་འགུལ་ནང་མཉམ་ཞུགས་བྱེད་ཀྱི་ཡོད་སྐབས། བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་དང་བཀའ་བློན་རྣམ་པ་རླངས་འཁོར་རྫིག་པོའི་ནང་བསྡད་ནས་ལོག་འགྲོ་བ་ནི་སྐུ་དྲག་གསར་པ་རེད་འདུག་བསམ་པའི་ཚོར་བ་སྦྱིན་གྱི་འདུག་པས་མ་འོངས་པ་སྣེ་འཁྲིད་མཁན་ཞིག་ཡིན་པའི་ཆགས་ནས་མི་མང་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་ལས་འགུལ་ནང་མཉམ་ཞུགས་གནང་བའི་འབོད་སྐུལ་ཞུས་སོང་ལ། རྒྱ་གཞུང་གིས་མལ་གྲོ་གུང་དཀར་རྒྱ་མ་ཤང་ལ་གཏེར་ཁ་སྔོག་འདོན་བྱས་པར། བོད་མི་ཚོས་འདས་པའི་ལོ་ངོ་བཅུ་ཕྲག་གི་རིང་གཏེར་ཁ་སྔོག་འདོན་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡང་། ཁ་སང་དེ་རིང་རྒྱ་གཞུང་གིས་ཟངས་གཏེར་མང་ཤོས་དེ་ས་ཁུལ་དེ་ནས་འདོན་གྱི་ཡོད་པར་བརྟེན། ང་ཚོའི་ངོ་རྒོལ་གྱི་ལས་འགུལ་ལ་ནུས་པ་ཐོན་རྒྱུའི་གདེང་ཚོད་ཡོད་མེད་དང་། ཉེ་ཆར་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་གར་གྱི་མངའ་སྡེ་བློན་ཆེན་སོགས་དང་མཇལ་འཕྲད་གནང་ནས་རྒྱ་གར་རྒྱལ་ཡོངས་སུ་བོད་དོན་ཞུ་སྐུལ་གྱི་ལས་འགུལ་སྤེལ་ཡོད་ན་ཡང་། ད་བར་རྒྱ་གར་གྱི་གྲོས་ཚོགས་ཀྱི་རྭ་བ་དང་མངའ་སྡེ་གྲོས་ཚོགས་བཅས་སུ་གོ་རྒྱུ་ཐོས་རྒྱུ་མེད་པའི་དབང་གིས། རྒྱ་གར་ནང་ལས་འགུལ་དེ་འདྲ་ཞིག་སྤེལ་ན་ཕན་ཐོགས་ཀྱི་ཡོད་དམ་མེད། བོད་དོན་གླེང་སློང་མི་བྱེད་པའི་གནད་འགག་གང་ལ་ཐུག་ཡོད་མེད་སོགས་ཀྱི་ཐོག་ལ་བཀའ་ཤག་ནས་ལམ་སྟོན་དགོས་པའི་དགོངས་ཚུལ་ཡང་གསུངས་སོང་། གཞན་ཡང་། ད་ལྟའི་དུས་སུ་ཨ་རི་དང་ཡུ་རོབ་ནང་རྒྱ་ནག་ལ་ལྟ་སྟངས་འགྱུར་བ་འགྲོ་བཞིན་ཡོད་པ་དང་། རྒྱ་དཀར་ནག་གཉིས་ཀྱི་བར་འབྲེལ་ལམ་བྱེད་སྟངས་སུམ་ཅུ་ཙམ་ཡོད་པ་ཚང་མ་ད་ལྟ་བཅད་ཟིན་པ་སོགས་ཀྱི་དུས་སུ། ང་ཚོའི་སྲིད་བྱུས་ཀྱི་ཐོག་ནས་ནུས་པ་ག་ཚོད་ཐོན་གྱི་ཡོད་མེད་བསྐྱར་ཞིབ་དགོས་རྒྱུ་གལ་ཆེན་ཡིན་པ། རྒྱ་གཞུང་གིས་བོད་ནང་བོད་ཀྱི་སྐད་ཡིག་དང་ངོ་བོ་མེད་པ་བཟོ་བཞིན་ཡོད་པར་བརྟེན།བཙན་བྱོལ་ནང་མ་བསྐུལ་དང་བླང་གིས་བོད་ཀྱི་སྐད་ཡིག་དང་ངོ་བོ་སྲུང་རྒྱུར་འགན་བཞེས་དགོས་པའི་དགོངས་ཚུལ་དང་།གཞན་ཡང་བོད་ནང་གནས་ཚུལ་འབྱུང་སྐབས་བོད་མིའི་སྒྲིག་འཛུགས་ཀྱིས་དུས་ཐོག་ཏུ་ལས་འགུལ་སྤེལ་བ་དང་ལན་འདེབས་དགོས་པ། དབུ་མའི་ལམ་གྱི་སྲིད་བྱུས་ལ་འགྱུར་བ་གཏོང་དགོས་མིན་བསྐྱར་ཞིབ། ཐབས་བྱུས་ཀྱི་ཚོགས་འདུ་བརྒྱུད་རྒྱ་ནག་དང་འབྲེལ་གང་འདྲ་ཡོད་མེད་དང་། དེ་དག་བརྒྱུད་ནས་འབྲེལ་བ་ཡོང་ཐབས་སོགས་མ་བྱས་ན། འདི་ལྟར་བསྡད་ཚེ་བོད་ནང་དཀའ་ངལ་ཆེན་པོ་ཡོད་ཚུལ་སོགས་གླེང་བ་དང་། […]

པུ་ཊིན་ལ་སྲིད་འཛིན་གྱི་དུས་ཡུན་ལྔ་པའི་འོས་ཐོབ་འདུག་ལ་ཁོས་ཨུ་རུ་སུའི་དམངས་གཙོ་ནི་ཡང་དག་པ་ཡིན་ཟེར། 

འདས་པའི་ཉིན་གྲངས་གསུམ་རིང་ཨུ་རུ་སུའི་ནང་འོས་བསྡུ་བྱས་ཡོད་འདུག་པ་དང་། འོས་བསྡུའི་ཁྲོད་ཕྱོགས་འགལ་ཚོགས་པའི་འོས་མི་ནུས་ལྡན་གཅིག་ཀྱང་ཡོད་མི་འདུག ཕྱོགས་འགལ་ཚོགས་པའི་འོས་མི་མང་པོ་ཞིག་མེད་པ་བཟོས་ཏེ། སྲིད་འཛིན་པུ་ཊིན་གྱིས་ཐེངས་འདིར་ཁོ་རང་ལ་འོས་ཐོབ་ཡོད་ཚུལ་དང་། ཨུ་རུ་སུའི་དམངས་གཙོ་ནི་ཡང་དག་པ་ཞིག་ཡིན་ཚུལ་བརྗོད་ཡོད་འདུག  ཕྱི་ཚེས་༡༨ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། འདས་པའི་ཉིན་གསུམ་ནང་ཨུ་རུ་སུའི་སྲིད་འཛིན་གྱི་འོས་བསྡུ་བྱས་ཡོད་འདུག་པ་དང་། འོས་བསྡུའི་ཁྲོད་སྲིད་འཛིན་པུ་ཊིན་ལ་འོས་བརྒྱ་ཆ་༨༧ ཐོབ་ཡོད་ཚུལ་བརྗོད་འདུག པུ་ཊིན་གྱིས་ཨུ་རུ་སུའི་དམངས་གཙོ་ནི་ནུབ་ཕྱོགས་རྒྱལ་ཁབ་མང་པོ་ལས་ཡག་ཚུལ་བརྗོད་ཀྱང་། དངོས་ཡོད་གནས་ཚུལ་ནི་ཐེངས་འདིའི་འོས་བསྡུའི་ཁྲོད་ཕྱོགས་འགལ་ཚོགས་པའི་ནུས་པ་ལྡན་པའི་འོས་མི་གཅིག་ཀྱང་མེད་པར་བརྟེན། མི་མང་ཁྲོད་ཐེངས་འདིའི་འོས་བསྡུ་ལ་ངོ་རྒོལ་བྱེད་མཁན་དང་འོས་སྒམ་མེར་སྒྲོན་པ། འོས་སྒམ་ནང་སྣག་ཚ་བླུགས་པ་སོགས་ཀྱི་ངོ་རྒོལ་འདྲ་མིན་བྱས་ཡོད་འདུག ཨུ་རུ་སུའི་གཞུང་གིས་ད་བར་ཨུ་རུ་སུའི་མི་མང་༨༠ ཙམ་ངོ་རྒོལ་གྱིས་རྐྱེན་པས་འཛིན་བཟུང་བྱས་ཡོད་པ་བརྗོད་འདུག ད་བར་ནུབ་ཕྱོགས་རྒྱལ་ཁབ་ཕལ་ཆེ་བས་ཨུ་རུ་སུའི་འོས་བསྡུ་ནི་དྲང་པོ་དང་བདེན་པ་གཏན་ནས་མ་རེད། རྒྱུ་མཚན་ནི་ཐེངས་འདིའི་འོས་བསྡུ་ནི་དབང་ཆ་གཅིག་བསྡུ་བྱས་ནས་འོས་བསྡུ་བྱས་ཡོད་པ་དང་། གསར་འགྱུར་བརྒྱུད་ལམ་ཡོངས་རྫོགས་བཀག་སྡོམ་བྱས་ནས་མི་མང་རྣམས་བཙན་གནོན་གྱི་ཐོག་ནས་འོས་བླུག་བཅུག་ཡོད་པ་རེད་ཅེས་བརྗོད་འདུག དེ་བཞིན་དབྱིན་ཡུལ་གྱི་ཕྱི་འབྲེལ་དྲུང་ཆེ་(Lord Cameron )ཡིས་ཨུ་རུ་སུས་ཐེངས་འདིའི་འོས་བསྡུའི་ནང་ཨུ་རུ་སུས་བཙན་བཟུང་བྱས་པའི་ཡུག་རེན་གྱི་ས་ཆའི་ནང་ཡོད་པའི་ཡུག་རེན་མི་མང་རྣམས་ལ་ཡང་བཙན་གྱིས་འོས་བླུག་བཅུག་པ་ནི་ཁྲིམས་འགལ་རེད་ཅེས་བརྗོད་འདུག་པ་དང་།  ཡུག་རེན་གྱི་སྲིད་འཛིན་(Volodymyr Zelensky)ཡིས་ཨུ་རུ་སུའི་སྒེར་གཅོད་པས་མི་མང་རྣམས་ལ་བཙན་གྱིས་བསྐྱར་དུ་སྲིད་འཛིན་འདེམས་བཅུག་ཡོད་པ་རེད་ཅེས་བརྗོད་འདུག ཐེངས་འདིའི་འོས་བསྡུའི་ཁྲོད་ཨུ་རུ་སུས་བཙན་བཟུང་བྱས་པའི་ཡུག་རེན་གྱི་ས་ཆ་དེ་དག་གི་ནང་དུ་ཡོད་པའི་མི་མང་རྣམས་ལ་ཡང་བཙན་གྱིས་འོས་བསྡུའི་ནང་ཆ་ཤས་ལེན་དགོས་པ་བཙན་སྐུལ་བྱས་ཡོད་འདུག ཨུ་རུ་སུས་བཙན་བཟུང་བྱས་པའི་ཡུག་རེན་གྱི་ས་ཆ་(Berdyansk )ཟེར་བའི་ནང་ཨུ་རུ་སུའི་འོས་བསྡུའི་ལས་བྱེད་གཅིག་གཟའ་ཉི་མར་བསད་ཡོད་འདུག་ལ། ཨུ་རུ་སུའི་ལས་བྱེད་རྣམས་ཀྱིས་དམག་མི་ཁྲིད་དེ་ཡུག་རེན་གྱི་ཁྱིམ་ཚང་རེ་རེའི་ནང་ཕྱིན་ནས་འོས་བླུག་དགོས་པ་བཙན་སྐུལ་བྱས་ཡོད་འདུག འོན་ཀྱང་། ཨུ་རུ་སུའི་གཞུང་གི་གསར་ཁང་ཁག་ནང་པུ་ཊིན་ཐེངས་འདིའི་འོས་བསྡུའི་ཁྲོད་རྒྱལ་ཁ་ཆེན་པོ་ཐོབ་པའི་སྐོར་དང་མི་མང་གིས་རྒྱབ་སྐྱོར་ཆེན་པོ་བྱས་ཡོད་ཚུལ་ཤོད་ཀྱི་ཡོད་འདུག པུ་ཊིན་གྱིས་ཨུ་རུ་སུའི་དམངས་གཙོ་ནི་ཨ་རིའི་དམངས་གཙོ་ལས་ཡག་ཡོད་པ་དང་། ཐེངས་འདིའི་འོས་བསྡུ་དེ་དྲྭ་ཐོག་ནས་བླུགས་ཏེ་འོས་ཤོག་བླུག་མཁན་ཡང་ས་ཡ་༨ ཙམ་གྱིས་འོས་བླུགས་ཡོད་ཚུལ་བརྗོད་ནས། ཨ་རིའི་ནང་འོས་ཤོག་གཅིག་ལ་ཨ་སྒོར་བཅུ་སྤྲད་ནས་ཉོ་ཡི་ཡོད་པ་རེད་ཅེས་བརྗོད་འདུག པུ་ཊིན་ཕྱི་ལོ་༢༠༠༠ ནས་མ་འོངས་པར་༢༠༣༠ བར་ཨུ་རུ་སུའི་སྲིད་འཛིན་ལ་བསྡད་རྒྱུ་ཡིན་འདུག པུ་ཊིན་གྱིས་གསར་འགོད་པར་འོས་བསྡུའི་ཁྲོད་ངོ་རྒོལ་བྱེད་མཁན་རྣམས་ལ་ཁྲིམས་ཀྱི་ཉེས་ཆད་ལྗིད་པོ་གཅོད་རྒྱུ་ཡིན་སྐོར་དང་། དེ་བཞིན་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་འདས་པོ་(Alexei Navalny)ཡི་མིང་བོས་ནས་གླེང་སློང་བྱས་དོན་ལ། སྟབས་མ་ལེགས་པ་ཞིག་ལ་ཁོང་གྲོངས་པ་རེད། སུས་ཀྱང་འགོག་ཐུབ་ཀྱི་མ་རེད། མི་ཚེ་ནི་མི་ཚེ་རེད་ཟེར་འདུག ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་འདས་པོའི་བཟའ་ཟླ་(Yulia Navalnaya)ཟེར་བས་ཁོང་མོས་འཇར་མན་རྒྱལ་ཁབ་ནང་ཡོད་པའི་ཨུ་རུ་སུའི་གཞུང་ཚབ་ཁང་དུ་འོས་བསྡུའི་ཉིན་ཆུ་ཚོད་༦ རིང་ངོ་རྒོལ་བྱས་ཡོད་འདུག ཐེངས་འདིར་ཨུ་རུ་སུའི་དམར་ཤོག་ཚོགས་པའི་འོས་མི་(Nikolai Kharitonov)ཟེར་བ་དེ་ལ་འོས་བསྡུའི་ཁྲོད་འོས་ཤོག་བརྒྱ་ཆ་༤ ཙམ་ལས་རག་ཡོད་མི་འདུག་ལ། གཞན་རྣམས་དེ་ལས་ཀྱང་ཉུང་བ་ལས་རག་ཡོད་མི་འདུག གཞན་ཡང་འོས་བསྡུའི་ཁྲོད་ཕྱོགས་འགལ་ཚོགས་པའི་འོས་མི་ནུས་པ་ཅན་གཅིག་ཀྱང་ཡོད་མི་འདུག་ལ། ནུས་པ་ཡོད་པའི་ཕྱོགས་འགལ་ཚོགས་པའི་འོས་མི་ཕལ་ཆེ་བ་ལྐོག་གསོད་བཏང་བ་དང་། བཙོན་དུ་བཅུག་པ། སྐྱབས་བཅོལ་དུ་ཕྱིན་པ་སོགས་བྱུང་ཡོད་འདུག། གསར་འགོད་པ། བསོད་ནམས་ཕུན་ཚོགས།