ཁེར་རྐྱང་ངང་བསམ་གཞིག་ཐན་ཐུན།

ཆོས་ཉིད་འོད་ཟེར། ༢༠༡༧།༩།༢༦
ད་ལྟ་སྐབས་༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པ་འཚོགས་བཞིན་པ་རེད་ལ། དེའི་ནང་དུ་རྒྱུན་ལྡན་ལྟར་བཙན་བྱོལ་བོད་མིའི་བདེ་སྡུག་དང་། ལྷ་འདྲེའི་མཚན་གནས་རྗེས་འབྲེལ་དང་ཐོབ་ཐང་སྐོར། དབུ་མའི་ལམ་གྱི་སྲིད་ཇུས་སམ་མ་འོངས་པར་བོད་དེ་རྒྱ་ནག་གི་རྩ་ཁྲིམས་འོག་སྡོད་འདོད་ཀྱི་ཐབས་ཇུས་སྐོར་སོགས་མང་པོ་གླེང་སོང་།

ངས་བཤད་འདོད་པ་ནི་བོད་རང་བཙན་འཐབ་རྩོད་ཀྱི་ནུས་པ་ད་དུང་བརླགས་ཡོད་མ་རེད་ལ། རྒྱ་ནག་གི་བཙན་འཛུལ་འོག་ཡོད་པའི་བོད་མི་མང་གིས་མཚོན་སྐྱབས་བཅོལ་བོད་མི་ཚོའི་ནང་དུ་རྒྱ་ནག་ལ་རྒོལ་བ་རྒྱུན་ཆད་མྱོང་མེད་པ་ཟད། ད་དུང་དཔའ་ཞུམ་མི་འདུག ཡིན་ནའང་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་འཛིན་སྐྱོང་དང་གྲོས་ཚོགས་འཐུས་མིས་ལས་དོན་བྱེད་སྐབས་བོད་རང་བཙན་འཐབ་རྩོད་ཀྱི་ནུས་པ་བཤད་ཀྱི་ཡོད་མ་རེད་ལ། མ་འོངས་ཐབས་ཇུས་ཀྱང་གང་ཡང་མེད་པ་མ་ཟད། སློབ་གྲྭ་ཁག་གི་ནང་དུ་དབུ་མའི་ལམ་གྱི་སྲིད་ཇུས་ངོ་སྤྲོད་དང་། སློབ་ཚན་ནང་དུ་ཡང་བཞག་ཡོད་པ་རེད། ད་དུང་བཀའ་བློན་དང་སྤྱི་འཐུས་ཀྱི་སྐོར་བསྐྱོད་ཁག་གི་སྐབས་ཀྱང་། མི་མང་ལ་དེ་བཞིན་གྱི་སློབ་གསོ་བཏང་ནས་འགྲོ་ཡི་ཡོད་རེད།

བཙན་བྱོལ་ནང་དུ་བོད་རང་བཙན་འཐབ་རྩོད་དགོས་མཁན་ཡོད་པ་མ་ཟད། དུས་རྒྱུན་ཐང་ལ་ཐོན་ནས་ལས་འགུལ་རིགས་སྤེལ་སྡོད་མཁན་ཡང་མང་པོ་རེད་ལ། དེ་ཚོས་ཀྱང་མང་གཙོའི་ཁེ་དབང་འོས་བསྡུའི་ཆ་ཤས་དེ་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུའི་ནང་དུ་མཉམ་ཞུགས་བྱས་ཡོད་པ་རེད། དེ་ན་བོད་རང་བཙན་ལས་འགུལ་བ་ཚོས་འོས་ཤོག་བླུགས་སའི་སྡིངས་ཆ་དེ་དག་ནང་ཁོང་ཚོའི་བསམ་ཚུལ་དེ་ཁྱབ་སྤེལ་ཙམ་ཡང་ཡོང་གི་མེད་ན། འོས་ཤོག་དེ་བླུགས་ནས་དགོས་དོན་ཞིག་འགྲུབ་ཀྱི་ཡོད་རེད་དམ། དེང་སྐབས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་གྲོས་ཚོགས་སྒོ་རུ་སོ་སོའི་དགོས་འདུན་དང་ཁོངས་སོ་སོའི་ཐོབ་ཐང་རག་ཆེད། ཞུ་གཏུག་བྱེད་མཁན་ཡང་ཁག་ཅིག་འབྱུང་བཞིན་ཡོད་རེད་ལ། དེའི་ཆེད་དུ་ཟས་བཅད་ངོ་རྒོལ་གྱིས་མཚོན་པས། ལས་འགུལ་འདྲ་མིན་སྤེལ་མཁན་ཡང་མང་པོ་བྱུང་མྱོང་རེད། བོད་རང་བཙན་ལས་འགུལ་ནི་ཁོངས་གཅིག་གཉིས་ཀྱི་ཐོབ་ཐང་དང་ཚོགས་སྡེ་རེ་ཟུང་གི་བསམ་ཚུལ་ཙམ་མིན་པར། བོད་མི་རིགས་ཀྱི་བདག་དབང་དང་མ་འོངས་པའི་ཁ་ཕྱོགས་ཀྱི་ཆེད་དུ་ཡིན་པས། མི་མང་གིས་འོས་ཤོག་བླུགས་པའི་མི་མང་གི་སྐུ་ཚབ་ཚོས་བོད་རང་བཙན་གྱི་འདུན་པ་ཡོད་མཁན་གྱི་འོས་འབངས་ཀྱང་རྒྱ་ཆེན་པོ་ཡོད་པ་ཤེས་དགོས་པའི་ཚད་དུ་སླེབས་ཡོད་རེད།

ད་དུང་དེ་ཙམ་དུ་མ་ཟད། གྲོས་ཚོགས་འཐུས་མི་ཡིན་ན་མཐའ་གཅིག་ཏུ་དབུ་མའི་ལམ་དྲིལ་བསྒྲགས་འོག་ཤར་བསྐྱོད་དགོས་པའི་བསམ་ཚུལ་འདོན་མཁན་དང་། བོད་རང་བཙན་ཆེད་ཟུར་དུ་མི་མང་མཉམ་དུ་ཚོགས་འདུར་ཞུགས་ནའང་མི་འགྲིག་སྐོར་བཤད་དེ། ཁ་རྡུང་དང་གནོན་ཤུགས་སྤྲོད་མཁན་འདུག་ལ། ཕྱོགས་གཅིག་ནས་མང་གཙོའི་སྤྱི་ཚོགས་ཡིན་ཞེས་སྤོབས་པའི་ངང་བཤད་ཀྱི་ཡོད་རེད། དེ་ན་གྲོས་ཚོགས་འཐུས་མི་ཚང་མ་འཛིན་སྐྱོང་གི་སྲིད་ཇུས་འོག་ཤར་བསྐྱོད་དགོས་པའི་མང་གཙོའི་ལམ་ལུགས་ཤིག་གང་ན་ཡོད། ད་དུང་ཁོང་ཚོས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་ག་རེ་ཡོད་དང་། སྤྱི་འཐུས་ཀྱིས་དམ་འབུལ་ག་རེ་བྱས་ཡོད་ཀྱང་ཁ་གསལ་ཤེས་ཀྱི་མེད་པའམ། ཤེས་འདོད་མེད་པའི་ཁ་ཕྱོགས་ཤུགས་ཆེན་པོ་འདུག སྐུ་ཚབ་དང་གཞུང་གིས་མི་མང་ལ་འགན་ཁུར་དགོས་རེད་ལ། མི་མང་ནང་དུ་བསམ་ཚུལ་ཤུགས་ཆེ་ཤོས་ག་རེ་ཡོད་པ་དེ་ཚོར་སྙོབ་ཐུབ་དགོས་རེད། སྤྱི་འཐུས་ལྷན་ཚོགས་དེ་དབུ་མའི་ལམ་འདོད་མཁན་གཅིག་པུའི་སྐུ་ཚབ་ཡིན་ན། དྲིལ་བསྒྲགས་ཁག་ཀྱང་དེ་ལུགས་ཀྱིས་འགྲོ་ཆོག་པ་ཞིག་རེད་མོད། དེ་མ་ཡིན་པར་གྲོས་ཚོགས་ནི་མི་མང་ཡོངས་ཀྱི་སྐུ་ཚབ་ཡིན་པས། མི་མང་ལ་ལྟ་རྟོགས་དང་། ཆབ་སྲིད་ལམ་ལུགས། བསམ་ཚུལ་མཁོ་སྤྲོད་ཀྱི་གཏམ་བཤད་སོགས་བྱེད་སྐབས་ཀྱང་མི་མང་ནང་བསམ་ཚུལ་འདྲ་མིན་ཡོད་པ་ལ་འགན་ཁུར་དགོས་རེད། ཕྱོགས་གཅིག་ཁོ་ན་ལས་བཤད་ས་མེད་ན། སྒྲིག་འཛུགས་དེའི་ནང་། སྡིངས་ཆ་དེའི་ཐོག་བོད་རང་བཙན་གྱི་མིང་ཐོག་ནས་འོས་ལངས་བྱས་པ་དང་། འོས་ཤོག་བླུགས་པ་ཚང་མ་དོན་མེད་ཆགས་རེད།

ད་ལྟ་གྲོས་ཚོགས་ནང་བོད་རང་བཙན་གྱི་མངོན་འདོད་ཡོད་མཁན་གྱི་སྤྱི་འཐུས་ཉུང་བ་རེད་ཅེས་སྟབས་བདེ་པོའི་ཐོག་ནས་མང་གཙོ་འགྲེལ་བཤད་རྒྱག་མཁན་ཡོད་རེད་ལ། མང་གཙོའི་སྤྱི་ཚོགས་ནང་མང་ཉུང་གིས་ཐག་གཅོད་བྱེད་སའི་ལུགས་སྲོལ་དང་གདན་དོན་ཁག་ཅིག་ཡོད་པ་རེད། ཡིན་ཡང་ཚང་མ་གཅིག་མཚུངས་མ་རེད། མི་མང་གི་ཆེད་དུ། མི་མང་གིས་བཙུགས་པའི། མི་མང་གི་གཞུང་ཡིན་པའི་མང་གཙོའི་ལམ་ལུགས་ཤིག་ཡིན་ན། སྤྱི་དང་མ་འོངས་པའི་གནས་བབས་གཉིས་ལ་འགན་ཁུར་དགོས་པ་ལས། ཉུང་བ་དེའི་བསམ་ཚུལ་ག་དུས་ཡིན་ནའང་རྩིས་མེད་ཡིན་ན། མང་གཙོའི་ལམ་ལུགས་ལ་དམིགས་བསལ་ཁྱད་ཆོས་ཤིག་མེད། གལ་སྲིད་མང་ཕྱོགས་ཁོ་ན་ལས་བཤད་ཀྱི་མིན་ཟེར་ན། ད་ལྟའི་ཆར་བཙན་བྱོལ་བོད་མིའི་གྲོས་ཚོགས་ནང་རྒྱ་ནག་གི་རྩ་ཁྲིམས་འོག་ས་གནས་མི་རིགས་རང་སྐྱོང་བྱུང་དགོས་པའི་བསམ་ཚུལ་ཡོད་མཁན་དང་། ཡོད་མདོག་བྱེད་མཁན་གཉིས་ཀ་བསྡོམས་ན་མང་བ་ཆགས་ཡོད་པ་རེད་དེ། བཙན་འཛུལ་འོག་ཏུ་བོད་མི་བརྒྱ་ཆ་དགུ་བཅུ་ཡོད་པ་ལ་བསམ་ཚུལ་གང་ཡིན་ཙམ་ཡང་བསྡུ་ས་མེད་པ་གསལ་པོ་རེད།

ང་ཚོས་རྒྱ་ནག་གིས་བོད་རྒྱལ་ཁབ་ལ་བཙན་འཛུལ་བྱས་ཏེ་བདག་དབང་ཕྲོགས་སོང་བ་ཡིན་པ་གཞིར་བཞག ད་སྔ་བར་བོད་མི་མང་གིས་རྒྱ་རྒོལ་བྱས་པ་ཁག་མ་རྩར་བཟུང་ནས་རྩོད་དགོས་ངེས་རེད། དེ་མིན་རྒྱལ་ཁབ་ནང་ཁུལ་གྱི་དབང་ཆ་འཐབ་རྩོད་དང་། ཆོས་ལུགས་འདྲ་མིན་གྱི་དཀའ་ངལ་སོགས་ལ་བརྟེན་སྐྱབས་བཅོལ་ཞུ་མཁན་མང་པོ་རེད་དེ། རྒྱལ་ཁབ་ཤོར་བའི་སྐྱབས་བཅོལ་བར་ནུས་པ་དང་ཆེ་མཐོང་གཉིས་ཀ་ཅུང་མ་འདྲ་བ་ཡོད་རེད་ལ། དེ་མ་འདྲ་བ་ང་རང་ཚོ་གཞན་དང་བསྡུར་ན་ཡང་ཤེས་ནུས་རེད།

མདོར་བསྡུས་ན། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ནང་རྒྱ་ནག་གི་རྩ་ཁྲིམས་འོག་ཁེ་ཕན་ཞིག་རག་གི་ཡོད་མདོག་གི་འུར་རྒྱག་ལས། བོད་མིའི་འཐབ་རྩོད་སྤྱིིའི་ཆ་ནས་ངོ་སྤྲོད་འགྲོ་ཡི་མེད་པ་དང་། གྲོས་ཚོགས་མི་འཐུས་མི་ཚོས་མི་མང་ནང་སྐོར་བསྐྱོད་སྐབས་དེ་མཚུངས་ལས་བཤད་ས་མེད་པའི་སྲིད་ཇུས་དེར་འགྱུར་བ་ཞིག་དགོས་རེད་མ་གཏོགས། མ་འོངས་བོད་མི་ཚོས་ཁ་ཕྱོགས་བརླགས་ཉེན་འདུག་ལ། བཙན་བྱོལ་བོད་མིིའི་མང་གཙོ་ཞེས་ངོམ་བཞིན་པ་འདི་ཡང་གཞན་གྱིས་ག་འདྲ་མཐོང་མིན་ཉེན་ཁའི་གནས་སུ་གྱུར་འདུག གྲོས་ཚོགས་ཚར་ལ་ཉེ་སྐབས་མཛད་གཙོ་ཚོར་གྲོས་ཤིག་འདེབས་ས་མེད་པར་བར་བསེང་ནས་ཁེར་རྐྱང་ངང་བསམ་ཚུལ་ཐན་ཐུན་འདི་སྤེལ་བ་ཡིན།།

རྩ་དོན་ཁ་འཁྱེར་སྒེར་ནད་སྤྱི་སྤུངས་དང་།། སེམས་པ་དཀར་མདོག་ལྐོགས་ནས་གསོད་པའི་རིགས།། གནས་དེར་བསམ་ན་དྲན་པ་འཐོར་བའི་རྒྱུ།། སྨན་ཞིག་ཟོ་ནས་གཉིད་སྡོད་ཨོ་ལོ་ཚོ།།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||