ཆུ་སོང་ཡང་ཟམ་པ་གནས་དགོས།

(བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༩༩༡)

རང་དབང་རང་བཙན་དང་མང་གཙོའི་ལམ་ལུགས་དར་བའི་རྒྱལ་ཁབ་ཅིག་ལ་མཚོན་ན་མང་གཙོའི་ཀ་བ་གསུམ་ནི་མེད་ཐབས་མེད་པ་ཞིག་ཡིན་ལ། དེ་དག་ཕན་ཚུན་ལྗིད་མཉམ་སྟངས་འཛིན་གྱི་ས་མཚམས་ཚད་ལྡན་ཞིག་དགོས་པ་དེ་ཡང་མང་གཙོ་ལག་བསྟར་བྱེད་པའི་ཆ་རྐྱེན་གལ་ཆེན་ཞིག་ཏུ་གྱུར་ཡོད། ཕྱི་ལོ་༡༩༤༥ ལོར་མཉམ་འབྲེལ་རྒྱལ་ཚོགས་གསར་འཛུགས་བྱས་ནས། འཛམ་གླིང་གི་ཁོར་ཡུག་གང་སར་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གལ་ཆེན་པོར་འཛིན་པ་དང་། མི་རིགས་རིང་ལུགས་ལ་རྒོལ་བའི་རིན་ཐང་གི་ལྟ་བ་ཁྱབ་བརྡལ་ཆེན་པོ་བྱུང་ཡོད། དེང་སྐབས་མང་གཙོ་དར་ཁྱབ་ཆེ་བའི་རྒྱལ་ཁབ་མང་པོ་ཞིག་ཏུའང་འོས་བསྡུའི་ལམ་སྲོལ་ཡོད་པ་ཙམ་ལས། དོན་དངོས་ཀྱི་མང་གཙོའི་ལམ་ལུགས་ལག་ལེན་གྱི་ཐོག་ལ་ཉམས་ཆག་ཆེན་པོ་བྱུང་ཡོད་པ་མ་ཟད། ཨ་རི་དང་། རྒྱ་གར་ལྟ་བུ་མང་གཙོའི་ལམ་ལུགས་དར་ཁྱབ་ཆེ་ཤོས་ཀྱི་རྒྱལ་ཁབ་ཁག་གི་གནས་སྟངས་ལ་བལྟས་ནའང་། མ་འོངས་པར་མུ་མཐུད་གནས་སྟངས་སྡུག་ཏུ་འགྲོ་རྒྱུ་ལས་བཟང་ཕྱོགས་ཀྱི་རེ་བ་མཐོང་དཀའ།

མང་གཙོའི་ལམ་ལུགས་དར་ཁྱབ་ཆེ་བའི་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་ཆེ་ཁག་ཁ་ཤས་ནང་། གཞུང་འཛིན་ཚོགས་པས་འཛིན་སྐྱོང་གི་དབང་ཆ་བེད་སྤྱོད་ལོག་པར་བཏང་ནས་ཕྱོགས་འགལ་སྲིད་དོན་ཚོགས་པའི་འགོ་ཁྲིད་རྣམས་ལ་ཉེས་མིང་སྣ་ཚོགས་གཡོགས་ནས་བཙོན་འཇུག་བྱེད་ཐབས་དང་། འབྲེལ་ཡོད་ཁྲིམས་དཔོན་རྣམས་དང་ལག་འབྲེལ་གྱིས་སྤྱི་ཚོགས་ནང་ཤུགས་རྐྱེན་ཆེ་བའི་ཁ་གཏད་སྲིད་དོན་ཚོགས་པའི་མགོ་ཁྲིད་རྣམས་ཕམ་པར་རྒྱག་རྒྱུའི་ཐབས་ཤེས་བྱེད་བཞིན་ཡོད། སྤྱི་ཚོགས་ནང་མི་རིགས་དང་ཆོས་ལུགས་ཀྱི་ཞེན་ཁོག་གཞི་རྩར་བཞག་ནས་མི་མང་ནང་འོས་བསྡུའི་དྲིལ་བསྒྲགས་མངོན་གསལ་དུ་བྱས་པར་ནུས་པ་ཐོན་བཞིན་པའི་གནས་སྟངས་ལ་བལྟས་ན། དུས་རབས་ཉི་ཤུ་པའི་སྨད་དང་མི་འདྲ་བར་ད་ལྟའི་ཆར་འཛམ་གླིང་ཤར་ནུབ་ཀུན་ཏུ་ཆབ་སྲིད་ཀྱི་རིན་ཐང་ལྟ་བ་ལ་འགྱུར་བ་ཧ་ཅང་ཆེན་པོ་འགྲོ་བཞིན་ཡོད་པས། མཉམ་འབྲེལ་རྒྱལ་ཚོགས་ཀྱང་གཟུགས་བརྙན་ཙམ་ལས་དོན་དུ་ནུས་ཤུགས་གང་ཡང་མེད་པར་འགྱུར་བཞིན་ཡོད། 

༧གོང་ས་མཆོག་བཙན་བྱོལ་དུ་འབྱོར་མ་ཐག་བོད་མི་རྣམས་ལ་མང་གཙོའི་ལམ་ལུགས་གནང་བ་དང་། རིམ་པས་འགྱུར་བ་མང་པོ་བཏང་ནས་ཕྱི་ལོ་༡༩༩༡ ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་གནང་རྗེས་མང་གཙོའི་ཀ་བ་གསུམ་ཚང་བའི་མང་གཙོའི་ལམ་ལུགས་ཤིག་ཏུ་བསྒྱུར། འཛིན་སྐྱོང་དང་། ཁྲིམས་བཟོའི་དབང་འཛིན། ཁྲིམས་ལུགས་དབང་འཛིན་བཅས་ཀྱི་འགན་དབང་ཆ་བགོས་བྱས་ཡོད། ཕྱི་ལོ་༢༠༡༡ ལོར་༧གོང་ས་མཆོག་བགྲེས་ཡོལ་དུ་ཕེབས་ནས་སྐུ་དབང་རྩིས་སྤྲོད་གནང་རྗེས་མང་གཙོའི་ཀ་བ་གསུམ་གྱི་ལས་དོན་ཆུང་ཁག་མང་པོ་ཞིག་ལ་འགྱུར་བ་སོང་ཡོད་ནའང་། གཞི་རྩའི་སྒྲོམ་གཞི་རང་སོར་གནས་ཡོད། བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་དུས་ཡུན་རིང་པོར་ཤུགས་རྐྱེན་དེ་ཙམ་མེད་ཀྱང་། ཁ་མཆུ་ཨང་༢༠ པར་ཐག་གཅོད་བྱེད་སྟངས་དང་། སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ལ་རང་འགུལ་ཐེ་བྱུས་བྱས་པར་བརྟེན་གྲག་འགུལ་ཆེ་རུ་སོང་ནས། བཙན་བྱོལ་བོད་མིའི་ཕྱོགས་ཁག་སྲིད་དོན་གྱི་ནང་དུ་ཚུད་ཡོད།

མང་གཙོའི་ལམ་ལུགས་ནང་འཛིན་སྐྱོང་ནི་དངོས་སུ་ལས་དོན་ལག་བསྟར་བྱེད་མཁན་ཡིན་པ་དང་། གྲོས་ཚོགས་ནི་ཁྲིམས་ལུགས་གཏན་འབེབས་དང་འཛིན་སྐྱོང་གི་ལས་དོན་ལ་བཀའ་འཁྲོལ་སྤྲོད་མཁན་དུ་གྱུར་ཡོད། ཁྲིམས་ཁང་ནི་གྲོས་ཚོགས་ཀྱིས་གཏན་འབེབས་བྱས་པའི་ཁྲིམས་སྲོལ་ཁག་དང་འགལ་བའི་ལས་དོན་བྱེད་མཁན་རྣམས་ལ་སྟངས་འཛིན་དང་ཐག་གཅོད་བྱེད་མཁན་ཡིན། བཙན་བྱོལ་བོད་པའི་ཁྲིམས་ལུགས་དབང་འཛིན་ལ་སྤྱི་ཚོགས་ནང་ནག་ཉེས་དང་འབྲེལ་བའི་གནད་དོན་རིགས་དང་། གཞིས་ཆགས་ནང་ཁུལ་ཙམ་ལས་གཞན་ས་ཆའི་བདག་དབང་དང་འབྲེལ་བའི་རྩོད་རྙོག་ཁག་ཐག་གཅོད་བྱ་རྒྱུའི་དབང་ཚད་མེད་ཀྱང་། སྒྲིག་འཛུགས་ནང་ཁུལ་གྱི་ལས་དོན་བྱེད་སྟངས་ཁྲིམས་སྒྲིག་ཁག་དང་འགལ་འཛོལ་བྱུང་ཡོད་མེད་དང་། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་དྲང་བདེན་མ་བྱུང་བའི་རྩོད་རྙོག་ཐག་གཅོད་བྱ་རྒྱུ་ནི་གལ་ཆེན་པོ་ཡིན་པས། བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཁྲིམས་ཞིབ་པ་དགོས་པ་དེ་ཧ་ཅང་གལ་ཆེན་པོར་གྱུར་ཡོད།

མདོར་ན་བཙན་བྱོལ་བོད་མིའི་མང་གཙོ་ཚད་ལྡན་ཞིག་ཡོང་བར་གལ་ཆེ་ཤོས་ནི་མང་གཙོའི་ཀ་བ་གསུམ་ཡིན། སྤྱི་འཐུས་ལྷན་ཚོགས་ནི་ཡོང་ཁུངས་མི་འདྲ་བ་སྣ་ཚོགས་ཀྱི་འཐུས་མི་ཡིན་པས། ཕྱོགས་གཅིག་ཁོ་ནར་འགྲོ་རྒྱུའི་ཉེན་ཁ་དེ་ཙམ་མེད་ཀྱང་། བཀའ་ཤག་དང་། ཁྲིམས་ཞིབ་ཁང་ཚད་ལྡན་ཡིད་ཆེས་འཕེར་བ་ཞིག་དགོས། ལྷག་པར་དུ་ཁྲིམས་ཞིབ་པ་རྣམ་པ་མིག་བཙུམས་ནས་ཕྱོགས་གཅིག་ཁོ་ནར་མཆོང་རྐྱང་བྱས་ན་ཉེན་ཁ་ཆེན་པོ་ཡོད་པ་ནི། འདས་པའི་ལོ་ཤས་ཀྱི་གནས་སྟངས་ལས་ཤེས་ཐུབ། ཆུ་སོང་ཡང་ཟམ་པ་གནས་དགོས་པའི་དཔེ་ལྟར་གང་ཟག་ལ་ཡག་སྡུག་སྣ་ཚོགས་ཡོང་སྲིད་ཀྱང་། སྒྲིག་འཛུགས་ངེས་པར་དུ་གནས་དགོས་པས་མ་འོངས་པར་ཆེས་མཐོའི་ཁྲིམས་ཞིབ་ཁང་ཚད་ལྡན་ཞིག་དགོས་པ་དེ། བཀའ་སྤྱི་གཉིས་ལ་འགན་ཁུར་ཡོད་པ་དང་ལྷག་པར་དུ་ཁྲིམས་སྒྲིག་གི་ཆ་རྐྱེན་ཐོག་ནས་ཁྲིམས་ཞིབ་པ་འོས་ཆོས་ཚང་བ་ཞིག་མ་རག་ན། ཡུལ་དུས་ལ་གཞིགས་ནས་འགྱུར་བ་གཏོང་དགོས་པ་དེ་སྤྱི་འཐུས་ལྷན་ཚོགས་ཀྱི་འགན་འཁྲི་ཉག་གཅིག་ཏུ་གྱུར་ཡོད།།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||