ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་སྙན་སྒྲོན་ཞུས་སོང་།

ཕྱི་ཟླ་༣ ཚེས་༢༥ ཉིན་སྐབས་༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་༧ ཚོགས་ཐུན་༡ པོའི་ཐོག་ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་ཤིག་ཚོགས་ཆུང་གི་ཚོགས་གཙོ་ཟླ་བ་ཕུན་སྐྱིད་ཀྱིས་སྙན་སྒྲོན་ཞུས་སོང་། དེ་རིང་ལས་བསྡོམས་སྙན་སྒྲོན་ཙམ་ལས་དྲི་བ་དྲི་ལན་སོགས་མེད་པ་དང་། གྲོས་ཚོགས་ཀྱི་ལས་རིམ་ལྟར་ན་བཅའ་ཁྲིམས་བསྐྱར་བཅོས་སྐོར་ཕྱི་ཚེས་༢༧ ཉིན་ཡིན་པ་རེད།
ལས་བསྡོམས་དེ་ནི་ཚོགས་ཆུང་བསྐོ་འཛུགས་དང་ལས་དོན་འགོ་འཛུགས། ཚོགས་གཙོ་སྦྲེལ་པོའི་ལམ་སྟོན། མི་མང་གི་བསམ་ཚུལ་བསྡུ་ལེན། ཚོགས་ཆུང་གི་ལས་དོན་སྒྲུབ་སྟངས། མཐའ་མའི་མཇུག་བསྡོམས་བཅས་སྡེ་ཚན་ལྔས་གྲུབ་པ་ཞིག་རེད་འདུག དེ་ཡང་དམ་འབུལ་སོགས་དང་འབྲེལ་ནས་བཅའ་ཁྲིམས་ཐོག་དཀའ་ངལ་འཕྲད་པ་ལྟར། ཕྱི་ལོ་༢༠༢༣ ཟླ་༥ ཚེས་༨ འཁོད་པའི་ཚོགས་གཙོ་སྦྲེལ་པོའི་བཀོད་ཁྱབ་ནང་དུ། བོད་མི་མང་སྤྱི་འཐུས་སྐབས་༡༧ པའི་གྲོས་ཚོགས་ཚོགས་དུས་ལྔ་པའི་གྲོས་ཆོད་ཨང་༢༠༢༣ །༡༧ ། ༥། ༥ ཡིག་ཆ་ཨང་༣༣ པར་གསལ་བ་བཞིན། ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཆེད་ཚོགས་གཙོ་སྦྲེལ་པོས་ཚོགས་མི་ལྔ་ལས་གྲུབ་པའི་ཆེད་འཛུགས་ཚོགས་ཆུང་ཞིག་བསྐོ་འཛུགས་གནང་དགོས།  ཚོགས་ཆུང་དེས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་སྒྲོམ་གཞི་རང་སོར་གནས་ཐོག་ད་དུང་ཁ་གསལ་དགོས་ངེས་ཡོད་པར་བསྐྱར་བཅོས་ཇི་དགོས་དང་། དེ་འབྲེལ་ཁྲིམས་སྒྲིག་གཞན་ཁག་ལའང་བསྐྱར་བཅོས་ཇི་དགོས་བསྐྱར་ཞིབ་གནང་ནས་བསྐྱར་བཅོས་ཟིན་བྲིས་བཟོ་འགོད་གནང་ཕྱོགས་གོ་བསྡུར་གྱིས་ཚོགས་ཆུང་གི་གྲུབ་དོན་སྙན་ཐོ་དང་འཆར་འབུལ་གྱི་ཟིན་བྲིས་བཅས། ཕྱི་ལོ་༢༠༢༤ ཟླ་༢ པའི་ཟླ་མཇུག་ཏུ་ཚོགས་དྲུང་ལས་ཁུངས་སུ་ཕུལ་ཟིན་པ་དགོས་རྒྱུ་ཞེས་འཁོད་ཐོག མང་མོས་གྲོས་ཆོད་དགོངས་དོན་ལྟར་ཚོགས་ཆུང་གི་མི་འགྲོ་དེ་ཡང་སྤྱི་འཐུས་ཟླ་བ་ཕུན་སྐྱིད། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ། སྤྱི་འཐུས་ཀརྨ་དགེ་ལེགས། སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་བཅས་བསྐོ་བཞག་གནང་འདུག་པ་བཞིན། ཕྱི་ཟླ་༢༠༢༣ ཟླ་༥ ཚེས་༡༧ ཉིན་ཚོགས་མི་རྣམས་དངོས་དྲ་ཐོག་བཅས་ནས་མཉམ་འཛོམས་ཐོག ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཟླ་བ་ཕུན་སྐྱིད་དང་། དྲུང་ཆེ་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་

་བཅས་སྤྱི་མོས་གཏན་ཁེལ་གནང་སྟེ་ཡིག་ཆ་ཁག་རྩིས་ལེན་གྱིས་ལས་དོན་དབུ་འཛུགས་ཞུས་འདུག་ཀྱང་། ཚོགས་མི་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་ཕན་བདེ་ཕྱི་རྒྱལ་དུ་ཕེབས་གཏན་ཁེལ་ཏེ། ཕྱི་ལོ་༢༠༢༣ ཟླ་༧ ཚེས་༡༧ ཉིན་ཚོགས་མི་རྣམས་བསྐྱར་འཛོམས་ཀྱིས་ལས་དོན་དངོས་སུ་དབུ་འཛུགས་གནང་འདུག  ཕྱི་ལོ་༢༠༢༣ ཟླ་༥ ཚེས་༡༧ ཉིན་ལས་དོན་གནང་ཕྱོགས་ཐད་ལ་ཚོགས་གཙོ་སྦྲེལ་པོར་ལམ་སྟོན་ཞུ་སྐབས། ཚོགས་གཙོ་སྦྲེལ་པོས་ལམ་སྟོན་ཁག་ཅིག་གནང་ཡོད་འདུག་པ་ནི།
༡ བར་སྐབས་དམ་འབུལ་གྱི་གནས་སྟངས་དཀའ་ངལ་འཕྲད་རིགས་ལ་བསྐྱར་བཅོས་ཇི་དགོས་ཡོང་ཐབས། ༢ བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པའི་ལས་ཡུན་དང་། འཕོ་འགྱུར་གནང་ཕྱོགས་ཐད་གཅིག་གྱུར་ཡོང་ཐབས། ༣ གྲོས་ཆོད་ནང་གསལ་དང་། གྲོས་ཚོགས་ནང་ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་འཛུགས་དགོས་པའི་གྲོས་ཆོད་འཇོག་སྐབས་བགྲོ་གླེང་ལས་རིམ་ལ་ཐུགས་ཞིབ་ཀྱིས་གནང་ཕྱོགས་ཇི་དགོས་ཞེས་ཡིན་འདུག

ལས་དོན་དབུ་འཛུགས་ཀྱི་ཉིན་མོར་ཚོགས་མི་ལྷན་འཛོམས་ཀྱིས་བཅའ་ཁྲིམས་ཐོག་འཕྲད་བཞིན་པའི་དཀའ་ངལ་ཁག་སེལ་བའི་ཐབས་ལམ་གསར་པ་མི་མང་ནས་རག་ན་སྙམ་སྟེ། ཚོགས་ཆུང་གི་མིང་ཐོག་ནས་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་འདུག་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་དང་ལྷན་ཁང་ཁག་གཙོས་པའི་ས་གནས་འཐུས་ཚོགས་སོགས་ལ་ཡིག་འབྲེལ་ཞུས་ཡོད་འདུག་པ་བཞིན། བཀའ་ཤག་ནས་ལས་ཁུངས་ཁག་གཙོས་པའི་ཚོགས་པ་དང་དྲ་ཚོགས་བཅས་ཁག་༤༢ མི་སྒེར་གྱི་མིང་ཐོག་ནས་བསམ་ཚུལ་གྲངས་༡༠༩༨ འབྱོར་ཡོད་འདུག
བསམ་ཚུལ་ཁག་ཕལ་ཆེ་བའི་ནང་། ཁྲིམས་ཞིབ་པ་ཆེ་བ་དང་གཞན་གཅིག བཀའ་བློན་བཅས་གང་མགྱོགས་གསར་འདེམས་དམ་འབུལ་ཐུབ་པའི་ཁྲིམས་སྒྲིག་བསྐྱར་བཅོས།
 ཆོས་བརྒྱུད་སྤྱི་འཐུས་མེད་པ་བཟོ་དགོས་པ། གལ་སྲིད་མེད་པ་བཟོ་མ་ཐུབ་ན་སེར་སྐྱ་ཕོ་མོ་དབྱེར་མེད་ཀྱིས་ཆོས་བརྒྱུད་སྤྱི་འཐུས་འོས་འཕེན་ཆོག་པ།

ཆོས་བརྒྱུད་སྤྱི་འཐུས་གལ་ཆེན་པོ་ཡིན་པས་ངེས་པར་དུ་དགོས་པ།
 ཆོལ་ཁ་གསུམ་གྱི་སྤྱི་འཐུས་གྲངས་རང་འཇགས་ཐོག་རྒྱ་བལ་འབྲུག་གསུམ་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཆོལ་ཁ་རང་ཁོངས་མི་མང་གིས་འོས་འཕེན་ཆོག་པ་ཞིག་བཟོ་དགོས་པ། ཕྱི་རྒྱལ་སྤྱི་འཐུས་ཀྱི་ས་མིག་སྤར་ཆ་དགོས་པ། སྤྱི་འཐུས་ས་མིག་སྤར་ཆ་དགོས་པ། སྤྱི་འཐུས་བསྟུད་མར་ཐེངས་གཉིས་སམ་གསུམ་ལས་བཞེངས་མི་ཆོག་པ། སྤྱི་འཐུས་རྒྱུན་ལས་ཀྱི་གྲུབ་ཆ་ལ་འགྱུར་བ་གཏོང་དགོས་པ། ཚོགས་སྒེར་གྱི་ཕྱི་ནང་མི་རིགས་དུ་མའི་མིང་ཐོག་ནས་ཇོ་ནང་པར་ཆོས་བརྒྱུད་སྤྱི་འཐུས་ཀྱི་ཐོབ་ཐང་དགོས་པ། བོད་མི་དང་མཉམ་དུ་ལུགས་མཐུན་གཉེན་སྒྲིག་བྱས་པའི་ཡུལ་མི་རྣམས་ཀྱི་ཐོབ་ཐང་དང་འབྲེལ་བའི་སྐོར་སོགས་བསམ་ཚུལ་འདྲ་མིན་མང་པོ་ཞིག་འབྱོར་ཡོད་འདུག་ལ། དེའི་ནང་ནས་མང་ཆེ་བ་ཞིག་བསམ་ཚུལ་གྱི་ཡི་གེ་རེ་ཟུང་ལ་མིང་འདྲ་མིན་ཐོག་ནས་རྒྱ་གར་དང་ཕྱི་རྒྱལ་ཁག་ནས་བཏང་བ་ཡིན་འདུག་ལ། མང་པོ་ཞིག་གིས་གཏོང་མཁན་རང་གི་མིང་བརྗེ་རྒྱུ་ལུས་ཏེ་བསྐུར་བ་ཡང་ཡོད་འདུག
ཚོགས་ཆུང་གི་ཕྱག་ལས་གནང་སྟངས་ཐད་ལ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཐོག་མ་གཏན་འབེབས་གནང་བ་ནས་རྗེས་སུ་བསྐྱར་བཅོས་རིམ་པ་གནང་སྐབས་བཅས་ཀྱི་བགྲོ་གླེང་ལས་རིམ་གསར་ཤོག་སོགས་དང་། གཞན་ཡང་རྒྱ་གར་དང་ཨ་རི། ཧྥ་རན་སི་སོགས་ཀྱི་རྩ་ཁྲིམས་བཅས་ལ་དོ་སྣང་ཞིབ་འཇུག་གནང་ཡོད་འདུག དེ་བཞིན་བཅའ་ཁྲིམས་དང་འབྲེལ་བའི་དཀའ་ངལ་ཁག་བཅའ་ཁྲིམས་བསྐྱར་བཅོས་ཐེངས་༢༥ པའི་སྐབས་ཀྱི་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གི་ཚོགས་གཙོ་སྲིད་སྐྱོང་སྤེན་པ་ཚེ་རིང་། ཚོགས་མི་བཀའ་ཟུར་ཟམ་གདོང་རིན་པོ་ཆེ། ཚོགས་མི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ། ཚོགས་མི་ཤེས་རིག་བཀའ་ཟུར་ཐུབ་བསྟན་ལུང་རིགས། ཚོགས་མི་སྤྱི་འཐུས་ཚོགས་ཟུར་པདྨ་འབྱུང་གནས་བཅས་ཀྱི་སར་དངོས་སུ་བཅར་ཏེ་བཀའ་འདྲི་དོགས་གཅོད་ཞུས་ཡོད་འདུག དེ་བཞིན་དེ་རིང་གྲོས་ཚོགས་སུ་འབུལ་ལམ་ཞུས་པའི་ཁྲིམས་སྒྲིག་བསྐྱར་བཅོས་ཀྱི་དོན་ཚན་དང་ནང་གསེས་རེ་རེ་བཞིན་ཚོགས་ཆུང་གི་ཚོགས་མི་ཚང་མས་གོ་བསྡུར་ཞིབ་ཕྲ་ཞུས་ནས་སྤྱི་མོས་ཀྱིས་གཏན་འབེབས་གནང་བ་ཞིག་ཡིན་པར་འགྲེལ་བརྗོད་གནང་སོང་ལ། ཐེངས་འདིའི་བསྐྱར་བཅོས་འཆར་ཟིན་ཤོག་ངོས་གྲངས་༢༦ དང་དོན་ཚན་༣༠ ཡོད་འདུག་པ་དང་། དེའི་ནང་དུ་ད་ལྟ་འཕྲད་བཞིན་པའི་དོན་གནད་ཆེ་ཁག་གཙོར་བཟུང་དང་། བཅའ་ཁྲིམས་ནང་དག་ཆ་གཅིག་གྱུར་ཡོང་ཐབས་ཙམ་ལས་ནང་དོན་ལ་བཟོ་བཅོས་གང་ཡང་མ་ཞུས་པ་ཁག་ཅིག གཞན་ཡང་སྒྲིག་གཞི་ཁག་ལ་བསྐྱར་བཅོས་འཆར་འབུལ་ཞུས་པ་མི་འདྲ་བ་༨ ཙམ་བཅས་ཡོད་འདུག དེ་བཞིན་མཇུག་བསྡོམས་ནང་དུ་ལས་དོན་འགོ་བཙུགས་ནས་ཟླ་གཉིས་ཀྱི་རིང་ལས་དོན་ཞིབ་ཚགས་བསྒྲུབས་ནས་༢༠༢༣ ཟླ་༩ ཚེས་༡༨ ཉིན་ཁྲིམས་སྒྲིག་བསྐྱར་བཅོས་ཀྱི་འཆར་ཟིན་ཁག་དང་། མི་མང་གི་བསམ་ཚུལ་འབྱོར་བ་ཡིག་སྣོད་གྲངས་༥། ཚོགས་ཆུང་གི་ལས་བསྡོམས་སྙིང་བསྡུས་ཡིག་སྣོད་གྲངས་༢ བཅས་འབུལ་ལམ་ཞུ་ཆོག་ཆོག་བཟོས་ཡོད་འདུག་ཀྱང་། བོད་མི་མང་སྤྱི་འཐུས་སྐབས་༡༧ པའི་གྲོས་ཚོགས་ཚོགས་དུས་ལྔ་པའི་གྲོས་ཆོད་ཨང་༢༠༢༣། ༡༧ །༥།༥། ཡིག་ཆ་ཨང་༣༣ པའི་དགོངས་དོན་དང་། ཚོགས་གཙོ་སྦྲེལ་པོས་ཕྱི་ལོ་༢༠༢༣ ཟླ་༥ ཚེས་༨ འཁོད་པའི་བཀོད་ཁྱབ་ལྟར། ཕྱི་ལོ་༢༠༢༤ ཟླ་༢ ཚེས་༢༩ ཉིན་ཚོགས་དྲུང་བརྒྱུད་ཕུལ་ཡོད་འདུག


གསར་འགོད་པ། བསྟན་འཛིན་ལམ་བཟང་།


Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||