ཡིག་ཚད་ཀྱི་བརྒྱ་ཆར་དགའ་ཞེན་ཆེ་བའི་ཤེས་ཡོན་སློབ་གསོ།

སྐལ་བཟང་དོན་གྲུབ།
ཤེས་ཡོན་ཐད་ཡར་རྒྱས་སྔོན་ཐོན་གྱི་རྒྱལ་ཁབ་མང་པོ་ཞིག་ནང་སློབ་མ་ཞིག་གི་སྤྱི་ཡོངས་ཀྱི་འཚར་ལོངས་ལ་ཡིག་ཚད་བརྒྱ་ཆ་དེ་གལ་ཆེ་ཤོས་སུ་མི་བརྩི་བ་དང། དེ་ལས་སློབ་མ་དེས་སྤྱི་ཚོགས་ལ་སེམས་ཁུར་དང་བསམ་བློའི་ནུས་པ། རང་ཉིད་ཀྱི་དབྱིངས་ལ་བརྟེན་ནས་སྒྱུ་རྩལ་གྱི་ནུས་པ་སོགས་ལ་གདེངས་འཇོག་ཆེན་པོ་བྱེད་ཀྱི་ཡོད་ཀྱང། ཉེ་ཆར་ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་གསལ་བསྒྲགས་ནང་ལ་ཚང་མ་བརྒྱ་ཆ་ལ་གཞི་བཞག་འདུག་པ་དེས། སྲིད་སྐྱོང་བློ་བཟང་སེང་གེ་དང་ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་སྡེ་ཚན་གྱི་འབྲེལ་ཡོད་ཐག་གཅོད་བྱེད་པོ་རྣམས་ཡིག་ཚད་བརྒྱ་ཆར་འཁྲུལ་སྣང་དང་དགའ་ཞེན་ཆེན་པོ་ཡོད་པ་མངོན།

དེ་ཡང་སློབ་མ་ཞིག་གི་མི་ཚེའི་ནང་རང་ཉིད་ཀྱི་དབྱིངས་དང་ནུས་པ་མི་འདྲ་བས་ཡིག་ཚད་བརྒྱ་ཆ་ཁོ་ནས་སློབ་མ་དེར་སློབ་ཡོན་ཐོབ་མིན་ཐག་གཅོད་བྱས་ཚེ་དེ་ནི་བསམ་བློ་རྙིང་པ་ལས་ཕུགས་རྒྱང་རིང་པོའི་ཐག་གཅོད་ཅིག་མིན་པར་ངོས་འཛིན་བྱེད་ཀྱི་ཡོད། བཙན་བྱོལ་བོད་པའི་སློབ་གྲྭ་ཁག་ནང་ཡིག་ཚད་དེ་གལ་ཆེ་ཤོས་ལ་བརྩིས་ནས། འགྲན་རྩོད་དང་སློབ་ཕྲུག་གི་སེམས་ལ་གནོན་ཤུགས་ཆེན་པོ་བཟོ་ཡི་ཡོད་པས། སློབ་ཕྲུག་ཚོས་ཡིག་ཚད་ཀྱི་ཀློག་དེབ་ལ་བལྟ་བ་ལས། དེ་ལས་གཞན་པའི་བསམ་བློའི་ནུས་པའམ་གནས་ལུགས་རྒྱུ་མཚན་གྱི་ཐོག་ནས་བསམ་བློ་གཏོང་བའི་ནུས་པ་རྒྱ་བསྐྱེད་ཡོང་བའི་དེབ་ཀློག་མཁན་ཤིན་ཏུ་ཉུང་ཉུང་ཡིན་པས། དེང་གི་ཆར་མཐོ་སློབ་ཐོན་ཡང་ཤེས་ཚད་རང་རྐྱ་འཕེར་བ་མི་འདུག་ཅེས། སྤྱི་ཚོགས་ནང་སྐད་ཤོར་གྱི་ཡོད་པས། བློ་བཟང་སེང་གེ་དབུས་པའི་ཤེས་རིག་ལས་ཁུངས་ཀྱིས་སློབ་མའི་སྤྱི་ཡོངས་ཀྱི་ཤེས་ཡོན་གནས་ཚད་དང། རང་ཐག་རང་གཅོད་བྱེད་ཐུབ་པའི་བསམ་བློའི་ནུས་པ་འཕེལ་རྒྱས་ཡོང་ཐབས་ཀྱི་བྱེད་སྒོ་ལ་ཤུགས་རྒྱག་དགོས་པ་ལས། སྤྱི་ཚོགས་ནང་གཟི་བརྗིད་ཁོག་སྟོང་སྟོན་བྱེད་ཀྱི་ཡིག་ཚད་བརྒྱ་ཆར་ཁོ་ནར་དམིགས་ན་ཕན་ཐོགས་མེད་པ་རེད།

སྤྱིར་ཡིག་ཚད་ཀྱི་བརྒྱ་ཆ་མེད་ན་སློབ་མ་དེ་མཐོ་སློབ་སོགས་ལ་བསྐྱོད་པར་དཀའ་ངལ་ཡོད་པ་རེད་དེ། ཡིག་ཚད་ཁོ་ནའི་ཆེད་དུ་སློབ་སྦྱོང་བྱས་ཚེ། ལག་ཁྱེར་ཡོད་ཀྱང་གནས་ཚད་མེད་པ། གནས་ལུགས་རྒྱུ་མཚན་གྱིས་བསམ་བློ་གཏོང་མི་ཐུབ་མཁན་གྱི་བཟོ་གྲྭ་གཅིག་ནས་བཏོན་པའི་དངོས་ཆས་ལྟ་བུའི་སློབ་ཕྲུག་ཤ་སྟག་ཐོན་ཡོང་ཚེ། མ་འོངས་པར་བོད་མིའི་སྤྱི་ཚོགས་དེ་ལ་ག་འདྲ་ཞིག་ཆགས་རྒྱུ་ཡིན་པའི་འགན་དེ། ད་ལྟའི་ཆར་ཤེས་ཡོན་ཐད་ལས་ཀ་བྱེད་མཁན་དེ་དག་གིས་འགན་ལེན་དགོས་པ་རེད། བློ་བཟང་སེང་གེ་ཁོང་གིས་ཨ་རི་ལ་སློབ་སྦྱོང་བྱེད་མྱོང་ཡོད་པས། ཁོང་གིས་ནུབ་ཕྱོགས་མཐོ་སློབ་ཁག་ལ་ཡིག་ཚད་ཀྱི་བརྒྱ་ཆ་དེ་གལ་ཆེ་ཤོས་སུ་བརྩི་ཡི་མེད་པ་ཤེས་གསལ་རེད་དེ། ད་དུང་སྲིད་སྐྱོང་གི་སློབ་ཡོན་སོགས་བརྒྱ་ཆ་ལ་གཞིགས་པས་སློབ་ཡོན་གསར་བཟོ་བྱས་པ་དེ་ཕྱོགས་གཅིག་ནས་བོད་པའི་སློབ་ཕྲུག་ཚོས་ཀྱང་རྒྱ་གར་གྱི་སློབ་ཕྲུག་དང་འདྲ་བར་བརྒྱ་ཆ་མཐོན་པོ་ལེན་ཐུབ་ཀྱི་ཡོད་པའི་ཕྱིའི་རྣམ་པ་ཞིག་སྟོན་པར་ཕན་གྱི་ཡོད་པ་རེད་དེ། ཕྱོགས་གཅིག་ནས་ཕྲུ་གུའི་ཕ་མ་དང་སློབ་ཕྲུག་སོགས་ལ་ཡིག་ཚད་ཀྱི་བརྒྱ་ཆ་ནི་མེད་དུ་མི་རུང་བ་ཡིན་པའི་བརྡ་ལན་ནོར་བ་སྤྲད་ནས་གནོད་མང་བ་སྐྱེལ་གྱི་ཡོད་པར་སེམས།

སློབ་ཡོན་སྤྲད་ཐུབ་པ་ཙམ་གྱིས་ཧང་སང་དགོས་རྒྱུ་གང་ཡང་ཡོད་པ་མ་རེད། དཔལ་འབྱོར་དེ་ཚོ་ཡང་ཕྱི་རྒྱལ་རོགས་ཚོགས་ཁག་ལས་ཐོབ་པ་ཡིན་པ་ལས། བོད་མིའི་སྒྲིག་འཛུགས་ཀྱིས་ངལ་རྩོལ་བྱས་ནས་བྱུང་བ་ཞིག་མིན་པ་རེད། ཤེས་ཡོན་ཐད་འགྲོ་སོང་གཏོང་དགོས་ངེས་རེད། འོན་ཀྱང་སློབ་ཡོན་སྤྲད་སྟངས་ལ་འཆར་འགོད་དང་ཕུགས་རྒྱང་རིང་པོའི་བསམ་བློ་དང། སྤྱི་ཚོགས་ཀྱི་གནས་སྟངས། ཕྲུ་གུའི་སེམས་ཁམས་སོགས་ལ་བརྟག་དཔྱད་བྱས་ནས་ཐག་གཅོད་དགོས་པ་ལས། སློབ་ཡོན་གསལ་བསྒྲགས་རྫིག་པོ་འདྲ་བྱས་ནས་བསྡད་ན། ཕན་མེད་ནུས་མེད་རེད། ངས་ད་བར་ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་གྱིས་བཙན་བྱོལ་ནང་ལ་ཤེས་ཡོན་གོང་འཕེལ་ཐད་གྲུབ་འབྲས་བྱུང་མེད་པ་རེད་ཟེར་གྱི་མེད་ཀྱང། བརྒྱ་ཆ་ཁོ་ནར་དམིགས་པ་དེ་གནས་ལུགས་དང་མ་མཐུན་པ་རེད་ཟེར་གྱི་ཡོད།

དེ་བཞིན་རྒྱ་གར་རྒྱལ་ཡོངས་ཡིག་ཚད་ལ་བརྒྱ་ཆ་༥༠ མན་ཆད་རྣམས་དྭང་སློབ་འམ་མིང་གཞན་ནས་བརྗོད་ན་དམག་མི་ལ་འགྲོ་དགོས་པའི་སྒྲིག་གཞི་དེས། ཕྲུ་གུ་ཁ་ཤས་ད་ལྟ་རྒྱ་གར་དང་བོད་མིའི་ཤེས་ཡོན་གྱི་སྒྲོམ་གཞིའི་ནང་ཡོད་པའི་སློབ་ཚན་ལ་དབྱིངས་མེད་ཀྱང། རི་མོའི་སྒྱུ་སྩལ་དང་གློག་བརྙན་བཟོ་རྒྱུ་སོགས་ལས་རིགས་གཞན་པ་ལ་དབྱིངས་ཡོད་པའི་དབང་གིས། ཡིག་ཚད་གྲུབ་འབྲས་ལ་གཞིགས་པའི་སྲིད་བྱུས་དེས་ཁོ་ཚོའི་མདུན་ལམ་བཀག་པ་དང་གཅིག་མཚུངས་རེད། ཕ་མ་ཕྱུག་པོ་ཡིན་པའི་ཕྲུ་གུ་ཞིག་ལ་ཤེས་རིག་གི་སློབ་ཡོན་མ་ཐོབ་ན་ཁྱད་པར་གང་ཡང་འགྲོ་ཡི་མེད་ནའང་། ཉམ་ཐག་སློབ་ཡོན་ཁོངས་ལ་ཡང་ཡིག་ཚད་བརྒྱ་ཆ་༥༠ ཡི་འོག་ལ་ཡིན་ཚེ། ཐོག་མར་དྭང་སློབ་ལ་གཟུགས་གཞིའི་ལས་འཕེར་བརྟག་དཔྱད་བྱེད་པར་འགྲོ་དགོས་པ་དང། གལ་ཏེ་དྭང་སློབ་ལ་མ་ཚུད་ན་གཞི་ནས་སློབ་ཡོན་སྤྲོད་རྒྱུའི་སྒྲིག་གཞི་དེ་ནི། བསམ་ཤེས་མེད་པའི་སྒྲིག་གཞི་ཞིག་ཏུ་མཐོང་སོང། དྭང་སློབ་ཏུ་འགྲོ་འདོད་མེད་པར་མུ་མཐུད་སློབ་གཉེར་བྱེད་འདོད་ཡོད་མཁན་ཞིག་ལ་མཚོན་ན། ཉིན་དེ་ནས་སློབ་སྦྱོང་གི་མདུན་ལམ་འགག་མི་སྲིད་པ་ཡང་མ་རེད།

མདོར་བསྡུས་ན་བློ་བཟང་སེང་གེས་ལོ་ལྔའི་ནང་ཁྱད་ལས་པ་ག་ཚོད་བཏོན་ཀྱང། ཚང་མ་གནས་ཚད་མེད་པའི་ལག་ཁྱེར་རག་ཐོབ་ཙམ་གྱི་ཁྱད་ལས་པའི་མིང་ཁྱེར་མཁན་ཤ་སྟག་མ་ཐོན་པའི་སྔོན་དུ། སྤྱི་ཚོགས་ལ་ཕན་པ་དང་སློབ་ཕྲུག་རང་ཉིད་ཀྱི་མི་ཚེ་ལ་ཡང་ཕན་པའི་ཆེད་དུ་འགན་ཡོད་མཁན་རྣམས་ཀྱིས་བསམ་བློ་ཞིབ་མོ་གཏོང་དགོས་པར་མཐོང།།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||