༧དཔལ་རྒྱལ་དབང་ཀརྨ་པ་འཕྲིན་ལས་མཐའ་ཡས་རྡོ་རྗེའི་མཛད་འཕྲིན།
༧དཔལ་རྒྱལ་དབང་ཀརྨ་པ་ཕྲིན་ལས་མཐའ་ཡས་རྡོ་རྗེས་ལོ་ལྟར་ངོ་མཚར་དང་གཟི་བྱིན་ཆེ་བའི་དམ་པའི་ཆོས་ཀྱི་མཛད་འཕྲིན་ཤར་ནུབ་བསྟན་འགྲོའི་དོན་དུ་གང་དང་ཇི་སྙེད་ཅིག་བསྐྱངས་དང་སྐྱོང་བཞིན་པ་ལས། འདི་ལོ་སྟེ་ཉིས་སྟོང་བཅུ་བདུན་ལོའི་དབྱར་དུས་ནུབ་ཕྱོགས་གདུལ་བྱའི་མགོན་དུ་ཞབས་དཀྱིལ་མངོན་པར་བཀོད་ཅིང་སྐྱེ་འགྲོའི་རེ་འདོད་སྐོང་བའི་ཐུན་མཚམས་གྱི་མཛད་རིམ་ཁག་ཅིག་སྟེ།
དེ་ཡང་ནུབ་ཡོ་རོབ་ཀྱི་རྒྱལ་ཁབ་ཆེན་པོ་སུ་དྷེན། སྤྱི་ཟླ་༧ ཚེས་༢༤ <<Sweden>> སུ་ཝེ་དེ་ཡུལ་དུ་ལེགས་གྲུབ་བྱུང་པའི་མཆོད་རྟེན་རིན་པོ་ཆེར་རབ་གནས་དང་། མ་འོངས་ཆོས་ཀྱི་བསྟི་གནས་ཆེད་གསར་དུ་བཞེང་འཆར་ཡོད་པའི་གཙུག་ལག་ཁང་གི་ས་གཞིའི་བྱིན་རླབས། སྐལ་ལྡན་གདུལ་བྱ་དག་ལ་སྨིན་བྱེད་དབང་དང་། གྲོལ་བྱེད་ཁྲིད། ལེགས་ཉེས་བླང་དོར་གྱི་བཀའ་སློབ་བཅས། མདོར་ན་འདས་པའི་ཉིན་ལྔའི་རིང་ཆོས་ཕྱོགས་ཀྱི་མཛད་འཕྲིན་མཐའ་དག་ལེགས་པར་གྲུབ་སྟེ།
ཁ་སང་སྟེ་སྤྱི་ཚེས་༣༠ ཉིན་བཀྲ་ཤིས་ཆིབས་བསྒྱུར་<<Spain>>སྤྱི་ཟླ་༨ ཚེས་༧ནས༨བར་དུ་སུ་པན་ཡུལ་དུ་གནང་རྒྱུ་གཞན་ཡང་ཆོས་ཚོགས་དང་དགོན་སྡེ་ཁག་གིས་གསོལ་འདེབས་རེ་བསྐུལ་ཡང་ཡང་ཞུས་དོན་ལྟར། France (ཧྥ་རན་སི་)ཚེས་༡༠ནས་༡༦བར་དུ། སུ་པན་དུ་(Spain Malaga) ཚེས་༡༧ ནས་ཚེས་༢༡བར་སི་པན་དུ་བརྟན་གཞི་བྱས་པའི་(ཀརྨ་བཤད་སྒྲུབ་དར་རྒྱས་གླིང་)དང་(མི་བསྐྱོད་རྡོ་རྗེའི་ཆོས་ཚོགས)སོགས་ལ་ཕེབས་འཆར་འདུག ༧དཔལ་རྒྱལ་ཀརྨ་པ་བཅུ་བདུན་ཕྲིན་ལས་མཐའ་རྡོ་རྗེ་མཆོག་ནི། དེ་ཡང་རྒྱ་བོད་ཧོར་གསུམ་གྱི་ངག་རྒྱུན་དུ། “གནམ་ལ་ཉི་ཟླ་གཉིས། ༧རྒྱལ་དབང་ཞྭ་དམར་ནག་གཉིས་”ཞེས་མཚན་སྙན་གཟི་བྱིན་གྱི་རང་མདངས་ཉི་ཟླ་ལྟར་གྲགས་པའི་བྱམས་སེམས་བདག་ཉིད་ཆེན་པོ་ཀརྨ་པ་ཞྭ་དམར་གཉིས་པོ་ངོ་བོ་གཅིག་ལ་རྣམ་པ་ཐ་དད་པའི་ཚུལ་གྱིས་འཇིག་རྟེན་ཁམས་འདིར་སྲིད་པ་ཉེ་བར་བཟུང་ནས་བསྟན་འགྲོའི་དཔལ་གྱི་ཞིང་དུ་”ཞིང་ཁམས་བྱེ་བ་ཕྲག་བརྒྱ་ལ་ཀརྨ་པ་བྱེ་བ་ཕྲག་བརྒྱ་”འབྱུང་ཞེས་དེ་བཞིན་གཤེགས་པ་ཉིད་ཀྱིས་ལུང་བསྟན་པ་དང་། རྗེ་བརྒྱད་པས་ཀྱང་། མ་འོངས་སངས་དྲུག་པ་སེངྒེའི་མཚན།། ད་ལྟ་རྣམ་འཕྲུལ་དུ་མས་ཞིང་ཀུན་སྐྱོང་། ཞེས་མཐའ་དང་ཚད་མེད་པའི་རྡུལ་སྙེད་སེམས་ཅན་སྣང་ངོར་དེ་སྙེད་ཕྲིན་ལས་ཀྱི་རོལ་བ་འབྱུང་ངེས་པའི་བདེན་ཚིག་རྡོ་རྗེའི་གསུང་གིས་དབུག་དབྱུངས་བ་བཞིན་དམར་ནག་ཅོད་པན་འཆང་བའི་སེམས་དཔའ་རྣམ་གཉིས་ཀྱི་གསང་བ་གསུམ་པོའི་ཕྲིན་ལས་སྒྱུ་འཕྲུལ་རོལ་བའི་བཀོད་པ་དེ་ཉིད་སྣ་ཚོགས་གདུལ་བྱའི་མགོན་དུ་རྟག་ཁྱབ་ལྷུན་གྲུབ་ཀྱི་ངོ་བོ་གང་ལ་གང་འདུལ་ཚུལ་གྱིས་བྱུང་དང་འབྱུང་བཞིན་པ་ནི་རྒྱལ་སྲས་སེམས་དཔའ་ཆེན་པོ་རྣམས་ཀྱི་གདུལ་བྱ་འདུལ་བའི་ཐབས་ལ་མཁས་པའི་ཡེ་ཤེས་དང་སྨོན་ལམ་དག་པའི་དབང་གིས་ཉི་མ་ལས་འོད་དང་ནོར་བུ་ལས་དགོས་འདོད་འབྱུང་བ་བཞིན་བསྟན་འགྲོའི་དོན་ལས་ནམ་ཡང་མི་གཡོལ་བའི་ཕྲིན་ལས་ཀྱི་རང་གཤིས་སོ།།
དེ་ལས་༧རྒྱལ་མཆོག་ཀརྨ་པ་ཕྲིན་ལས་མཐའ་ཡས་རྡོ་རྗེ་མཆོག་ནི་གངས་ཅན་ས་ལའི་སྨན་ལྗོངས་མདོ་ཁམས་འཛིན་མའི་ཡུལ་གྱི་བྱེ་བྲག དེ་ཡང་ཇི་སྐད་དུ། དམ་པ་རྣམས་ནི་གངས་རི་བཞིན།། མཐོ་དང་གཙང་བའི་གནས་སུ་འཁྲུངས།། ཞེས་པ་ལྟར་ཤར་ཕྱོགས་སྡེ་དགེ་ཆོས་ཀྱི་རྒྱལ་པོའི་མངའ་འབངས་བྱང་སྡེ་ཉི་མ་རྫ་ཆུ་ཁ་བའི་སྡེ་དཔོན། དཔལ་གསང་ཆེན་སྔ་འགྱུར་བའི་ཤིང་རྟ་ཆེན་པོ་རིག་སྔགས་འཆང་བ་འཇམ་མགོན་མི་ཕམ་རྒྱ་མཚོའི་རིགས་ཀྱི་སྲས་སུ་ངོ་མཚར་བའི་རྟགས་མཚན་དང་བཅས་ལྷ་ལྡན་ཆོས་ཀྱི་ཞིང་དུ་སྐུ་བལྟམས། སྐྱེས་མཆོག་ཁོང་ནི་ཆུང་ངུ་བྱིས་པའི་དུས་ནས་དམ་པའི་རང་རྟགས་ངོ་མཚར་གྱིས་བརྒྱན་པ་དུ་མ་ཞིག་བཅོས་མིན་ལྷན་སྐྱེས་ཚུལ་དུ་རང་ཆས་སུ་མངའ་ཡོད་ཚུལ་གཟུར་གནས་ཉེ་བར་གནས་པའི་ངག་ལསདངོས་སུ་ཐོས་རྒྱུ་ཡོད། དེ་དང་འཚམས་པར་ཆུང་སྲིད་རིན་པོ་ཆེ་འཁྲུངས་ནས་ཟླ་བཞི་ལོན་པའི་བྱིས་པའི་སྐབས།”ང་ཀརྨ་པ་ཡིན” ཞེས་གོང་མའི་རྣམ་ཐར་ཁག་དང་མཐུན་པར་སྔོན་གནས་རྗེས་དྲན་གྱི་གསུང་བྱོན། དེ་དང་མཐུན་པར་ལྷག་བསམ་དང་དད་དམ་གཙང་བའི་གཟུར་གནས་ཚད་ལྡན་སྐྱེས་བུ་རྣམས་ཀྱི་ངོ་མཚར་ཆེ་བའི་ཐུགས་དམ་ཉམས་སྣང་དང་། ཁྱད་པར་དུ་སྒྲུབ་བརྒྱུད་བསྟན་པའི་མངའ་བདག་རྒྱལ་དབང་ཁྱབ་བདག་རང་བྱུང་རིག་པའི་རྡོ་རྗེའི་ཐུགས་སྲས། ༧རྒྱལ་དབང་ཞྭ་དམར་མི་ཕམ་ཆོས་ཀྱི་བློ་གྲོས་མཆོག་གིས་ཀྱང་ཡང་ནས་ཡང་དུ་ནན་ཏན་ཆེན་པོས་ཡི་དམ་ལྷ་ལ་བདེན་བརྡར་བསྙེན་མཚམས་བཅད་རྒྱ་གནངས་ཤིང་། དད་དམ་གཙང་ཞིང་ཉམས་རྟོགས་ལྡན་པའི་སྐྱེས་ཆེན་གཞན་ལ་ཡང་བགྱི་བར་བསྐུལ་བའི་བརྟགས་འབྲས་མ་བསྒྲིགས་ན་ཡང་མཚན་བཟང་རྟེན་འབྲེལ་ལེགས་འགྲིགས་དབང་གིས་༧རྒྱལ་དབང་གོང་མའི་ཡང་སྤྲུལ་འཁྲུལ་བྲལ་དུ་བདེན་པའི་ཕུགས་ཐག་ཆོད་པའི་ངོས་འཛིན་གནང་། མི་རིང་བར་༧རྒྱལ་དབང་གོང་མའི་ཐུགས་བསྐྱེད་ཀྱི་འཕྲོ་སྐྱོང་ཕྱིར་ཞབས་སེན་འཕགས་པའི་ཡུལ་དུ་བཀོད་ནས་རྒྱལ་དབང་གོང་མའི་ཆོས་སྡེ་ཆེན་པོ་ཀརྨ་པ་རྒྱལ་ཡོངས་ནང་པའི་གཙུག་ལག་ཁང་གི་མི་འཇིགས་གསེར་གྱི་ཁྲི་འཕང་མཐོན་པོར་མངའ་གསོལ་ཁྲི་འདོན་ཞུས། དེ་ནས་བཟུང་ཆུང་སྲིད་རིན་པོ་ཆེ་གང་ཉིད་ཀྱིས་ཀུན་གཟིགས་ཞྭ་དམར་རིན་པོ་ཆེས་གཙོས་མདོ་རྒྱུད་ནས་བཤད་པའི་བཤེས་གཉེན་གྱི་མཚན་ཉིད་ཚང་བའི་མཚན་ལྡན་དམ་པ་དུ་མ་རིགས་ཀྱི་བདག་པོར་བསྟེན་ཞིང་སྲིད་ན་དཀོན་པའི་དོན་བརྒྱུད་ཀྱི་གདམས་ཟབ་མ་ལུས་པ་བུམ་པ་གང་བྱོའི་ཚུལ་དུ་གསན་བསམ་ཉམས་གཞེས་ལྷོད་མེད་མཛད་ཞོར། ཤར་ནུབ་གླིང་ལྔའི་ཡུལ་གྱི་གདུལ་བྱའི་དོན་དུ་དམ་པའི་ཆོས་ཀྱི་མཛད་འཕྲིན་ཕྱོགས་མེད་དུ་སྐྱོང་བཞིན་ཡོད་པའི་གནས་ཚུལ་རག་བསྡུས་ཙམ་དུ་ཕུལ།།
ཏྲེ་ཧོར་བ་ཀརྨ་སྐལ་བཟང་ནས་ཕུལ།