རང་ལུགས་མེད་པའི་ལད་མོ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༧༩  ཕྱི་ལོ་ ༢༠༡༧/༡༢ /༢༧  

ལོ་ལྟར་ཕྱི་ཟླ་༡༢ ཚེས་༢༥ ནི་ཡེ་ཤུའི་ཆོས་ལུགས་ཀྱི་སྟོན་པའི་འཁྲུངས་སྐར་དུས་ཆེན་ཡིན་པ་དང་། འཛམ་གླིང་གི་ས་ཕྱོགས་མང་པོ་ཞིག་ཏུ་ཡེ་ཤུའི་སྟོན་པའི་འཁྲུངས་སྐར་དུས་ཆེན་སྐབས་གུང་སེང་གཏོང་བ་དང་སྤྲོ་སྐྱིད་ལ་རོལ་བའི་ལུགས་སྲོལ་དར་ཁྱབ་སོང་དང་འགྲོ་བཞིན་ཡོད། བཙན་བྱོལ་བོད་པའི་སྤྱི་ཚོགས་སུའང་ཡེ་ཤུའི་སྟོན་པའི་འཁྲུངས་སྐར་དུས་ཆེན་གཏོང་མཁན་དང་། སྐབས་དེར་ཕན་ཚུན་འཚམ་འདྲི་ཞུ་མཁན་ཡང་མང་པོ་ཞིག་ཡོང་གི་འདུག སྤྱིར་འཛམ་གླིང་གི་ཆོས་ལུགས་ཆེ་ཤོས་སུ་གྱུར་པའི་ཡེ་ཤུའི་ཆོས་ལུགས་ལ་གུས་ཞབས་ཀྱི་ཐོག་ནས་ཡེ་ཤུའི་སྟོན་པའི་འཁྲུངས་སྐར་སྲུང་བརྩི་ཞུས་པར་མི་འགྲིག་པ་གང་ཡང་མེད་པ་མ་ཟད། རང་ཉིད་ཀྱིས་འདོད་མོས་བཞིན་ཡེ་ཤུའི་ཆོས་ལུགས་ཀྱི་རྗེས་འབྲངས་པ་བྱེད་པར་མི་འགྲིག་པ་དེ་བས་ཀྱང་མེད། འོན་ཀྱང་རང་ཉིད་ནང་པ་སངས་རྒྱས་པའི་རྗེས་འབྲངས་སུ་ངོས་འཛིན་མཁན་ཞིག་ཡིན་པའི་དབང་དུ་བཏང་ན། རང་ཉིད་ཀྱི་སྟོན་པའི་འཁྲུངས་སྐར་སྲུང་བརྩི་གཏན་ནས་མི་ཞུ་བར། ཡེ་ཤུའི་ཆོས་ལུགས་ཀྱི་སྟོན་པའི་འཁྲུངས་སྐར་ཙམ་སྲུང་བརྩི་བྱེད་པ་ནི་དོན་གྱིས་རང་ལུགས་མེད་པའི་ལད་མོ་ཙམ་དུ་གྱུར་ཡོད།

གནད་དོན་འདིའི་ཐོག་ནས་བསམ་བློ་བཏང་ན་ཡེ་ཤུའི་སྟོན་པའི་འདས་ལོ་ལ་བོད་ཡིག་ནང་སྤྱི་ལོ་ཞེས་འབྲི་སྲོལ་ཡོད་པ་དང་། དོན་དངོས་སུ་ཡེ་ཤུའི་སྟོན་པའི་འདས་ལོ་དེ་ད་ལྟའི་ཆར་འཛམ་གླིང་སྤྱིས་བརྩི་བཞིན་པའི་ལོ་ཟླ་ཚེས་གྲངས་ཤིག་ཏུ་ངོས་འཛིན་བྱས་ཀྱང་མི་འགྲིག་པ་མེད་པ་ལྟ་བུར་གྱུར་ཡོད། ལོ་ཚིགས་བརྩི་སྟངས་དེའི་རྒྱབ་ལྗོངས་ལ་བསམ་བློ་བཏང་ན་ཡེ་ཤུའི་ཆོས་ལུགས་ཀྱི་སྟོན་པའི་འདས་ལོ་ཙམ་ཡིན་པས་སྤྱི་ཡོངས་ཀྱི་ལོ་ཞེས་བརྗོད་འོས་པ་ཞིག་མིན་ཡང་། དོན་དངོས་སུ་འཛམ་གླིང་གི་ཁྱོན་འདིར་ཆོས་ལུགས་ཚང་མའི་ནང་ནས་དབང་ཆ་དང་དར་ཁྱབ་ཆེ་ཤོས་དེ་ཡེ་ཤུའི་ཆོས་ལུགས་ཡིན་པར་བརྟེན་ལོ་ཚིགས་དེ་དར་ཁྱབ་ཆེན་པོ་བྱུང་ཡོད། འོན་ཀྱང་ཆོས་ལུགས་སོ་སོའི་ངོས་ནས་རང་རང་གི་ཆོས་ལུགས་དང་འབྲེལ་བའི་ཐོག་ནས་ལོ་ཁམས་བརྩི་སྲོལ་དང་། རང་རང་རྒྱལ་ཁབ་ཀྱི་བྱུང་རབས་ལོ་རྒྱུས་ཐོག་ནས་ལོ་ཁམས་བརྩི་སྲོལ་མི་འདྲ་བ་གང་ཡོད་པ་དེ་སོར་གནས་ཡོང་ཐབས་བྱེད་དགོས་པ་ལས། ཡེ་ཤུའི་སྟོན་པའི་འདས་ལོ་ཁྱབ་ཆེ་བ་ཙམ་གྱིས་འཛམ་གླིང་གི་རྒྱབ་ཁབ་སྤྱི་ཡོངས་དང་ཆོས་ལུགས་སྤྱི་ཡོངས་ཀྱི་ལོ་ཞིག་ཏུ་ངོས་འཛིན་དགོས་དོན་གང་ཡང་མེད་སྙམ།

ད་ལྟའི་དུས་རབས་འདིར་གོ་ལ་གཅིག་གྱུར་གྱི་དུས་རབས་ཞེས་འབོད་སྲོལ་ཡོད་པ་བཞིན། གནད་དོན་འདི་ལྟ་བུ་ལ་དོ་སྣང་དེ་ཙམ་བྱེད་རིན་མེད་པར་བརྩི་མཁན་མང་པོ་ཡོད་ཀྱང་། ལད་ཟློས་བྱེད་རྒྱུ་མང་དྲགས་ན་རང་ཉིད་བརླག་པའི་རྒྱུ་རུ་འགྱུར་ངེས་པས་བསམ་བློ་གཏོང་དགོས་པ་ཞིག་ཏུ་གྱུར་ཡོད། དེར་བརྟེན་ཡེ་ཤུའི་སྟོན་པའི་འདས་ལོ་ལ་བོད་ཡིག་ནང་ཡེ་ལོ་ཞེས་འབྲི་མཁན་དང་། ཕྱི་ལོ་ཞེས་འབྲི་མཁན་ཡོད་པས་སྤྱི་ལོ་ཞེས་པ་འདི་ཉིད་བེད་སྤྱོད་མ་བྱས་ན་ལེགས་པ་ལྟ་བུར་གྱུར་ཡོད། ཡེ་ལོ་ཞེས་བརྗོད་ན་ཐད་ཀར་ཡེ་ཤུའི་སྟོན་པའི་འདས་ལོ་རང་ལ་གོ་བ་དང་། ཕྱི་ལོ་ཞེས་བརྗོད་ན་ནང་པ་སངས་རྒྱས་པ་མ་ཡིན་པར་ཕྱི་རོལ་པ་ཡིན་པའི་ཆ་ནས་ཀྱང་བརྗོད་ཆོག་ལ། ཕྱི་གླིང་པའི་ལོ་ཚིགས་བརྩི་སྟངས་ཙམ་ལ་ངོས་འཛིན་བྱས་ཀྱང་མི་འགྲིག་པ་གང་ཡང་མེད། དེར་བརྟེན་རང་ཉིད་ནང་པ་སངས་རྒྱས་པའི་སྟོན་པ་བཀའ་དྲིན་ཅན་མཉམ་མེད་ཐུབ་པའི་དབང་པོ་དང་། ཁོང་གི་བསྟན་པའི་རྗེས་འབྲངས་པ་ཞིག་ཡིན་ན། ཡེ་ཤུའི་ཆོས་ལུགས་ཀྱི་སྟོན་པའི་འདས་ལོ་དེ་སྤྱི་ཡོངས་ཀྱི་ལོ་རུ་ངོས་འཛིན་བྱེད་མི་འོས་པ་ལྟ་བུར་གྱུར་ཡོད།

ལད་ཟློས་བྱས་ནས་རང་ལུགས་བརླག་པའི་ལོ་རྒྱུས་མང་པོ་ཡོད་པ་དང་། དཔེར་ན་མིང་ཚིག་ཆུང་ཆུང་ཞིག་ནས་བཤད་ན། སྔོན་རྒྱལ་དབང་བདུན་པའི་སྐབས་ཙམ་ནས་ལྷ་སར་མན་ཆིན་གྱི་དཔུང་དམག་མང་པོ་གནས་སྡོད་བྱས་ཤིང་། རྒྱ་སྐད་ནང་ཕྲུ་གུ་ལ་ཝ་ཝ་ཞེས་འབོད་སྲོལ་ཡོད་པར་བརྟེན་ལྷ་སའི་སྐུ་དྲག་དག་གི་བུ་ཕྲུག་ལའང་དེ་ལྟར་འབོད་རྒྱུར་དང་འདོད་བྱས་ནས། ཐོག་མར་ཝ་ཝ་ཞེས་འབོད་སྲོལ་ཡོད་ནའང་། རིམ་པས་སྒྲ་ཟུར་ཆགས་ནས་ཨ་ཝ་རུ་གྱུར་ཚུལ་བརྗོད་མཁན་ཡོད་ལ། དོན་གྱིས་མིང་ཚིག་དེའི་རྒྱབ་ལྗོངས་ཀྱང་དེ་ལྟར་ཡིན་པ་འདྲ། བོད་པ་སྤྱིའི་སྐད་ནང་ཨ་ཝ་ཞེས་བརྗོད་པར་དམིགས་བསལ་གོ་རྒྱུ་གང་ཡང་མེད་པ་དང་། དེ་ནི་ལྷ་ས་ཁུལ་གྱི་སྐུ་དྲག་དག་གི་བུ་ཕྲུག་ཙམ་ལ་གོ་བ་ལྟ་བུར་གྱུར་ཡོད། སྤྱིར་ལྷ་ས་ནི་བོད་ཀྱི་རྒྱལ་ས་ཡིན་པས་མི་མང་འདུ་འཛོམས་ཆེ་ཤོས་ཡིན་པ་དང་། སོག་པོ་དང་རྒྱ་ནག རྒྱ་གར་དང་བལ་ཡུལ་སོགས་ནས་མི་མང་པོ་ཡོང་གི་ཡོད་སྟབས་ཡུལ་ལུང་དེ་དག་གི་ཤུགས་རྐྱེན་ཡང་ཆེན་པོ་ཐེབས་ཡོད། ལྷག་པར་དུ་ཞེ་སར་ཧ་ཅང་རྔམ་པ་དག་གི་བུ་ཕྲུག་རྣམས་ལ་ཨ་ཝ་ཞེས་འབོད་པ་ནི་དོན་གྱིས་རྒྱ་མིའི་སྐད་ཀྱི་ལད་ཟློས་ཙམ་ཡིན།

མདོར་ན་ཆོས་དང་ཆབ་སྲིད་རིག་གནས་གང་ཐད་ནས་མི་རིགས་གཞན་གྱི་ལེགས་ཆ་ལེན་དགོས་པ་ཙམ་དུ་མ་ཟད། བསྟུན་མཁས་དང་གུས་ཞབས་བྱེད་དགོས་པ་ཡང་ཧ་ཅང་གལ་ཆེ་མོད། རང་ཉིད་ཀྱི་ངོ་བོ་མཚོན་པའི་ཆོས་དང་རིག་གནས་ཡུལ་སྲོལ་གོམས་གཤིས་དག་སྲུང་བརྩི་མ་ཐུབ་པར་ལད་ཟློས་ཁོ་ན་གལ་ཆེན་དུ་བརྩིས་ན་རིམ་པས་རང་མི་རིགས་རྩ་བརླག་ཏུ་འགྲོ་རྒྱུ་ལས་མེད། དེར་བརྟེན་མི་རིགས་དང་རིག་གཞུང་རླུང་གསེབ་ཀྱི་མར་མེ་ལྟ་བུར་གྱུར་པའི་བོད་མི་རིགས་ལ་མཚོན་ན། རང་ཚུགས་མ་ཤོར་བའི་ཐོག་ནས་གཞན་གྱི་ལེགས་ཆ་ལེན་དགོས་པ་ལས། རང་ལུགས་མེད་པར་གཞན་གྱི་ལད་ཟློས་ཙམ་བྱེད་པ་ནི་སྤྲེ་འུས་ཞབས་བྲོ་འཁྲབ་པ་ལྟ་བུ་ཡིན་པས་མི་རིང་བར་བོད་མི་རིགས་དེ་མིང་གི་ལྷག་མ་ཙམ་དུ་འགྱུར་ངེས་པ་རེད། འོན་ཀྱང་གོང་དུ་བརྗོད་པ་བཞིན་རང་ལུགས་མཁྲེགས་འཛིན་ཁོ་ན་བྱས་ནས་གཞན་ལུགས་ལ་ཕྲག་དོག་དང་དམའ་འབེབས་བྱེད་མི་རུང་བར། རང་རང་སོ་སོའི་ཁོར་ཡུག་དང་བསམ་བློའི་རྒྱབ་ལྗོངས་མི་འདྲ་བའི་ཐོག་ནས་ཤུགས་རྐྱེན་དང་ནུས་པའང་མི་འདྲ་བ་ཞིག་ཡོད་པ་ནི་བརྗོད་མི་དགོས་པ་རེད།།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 5

Leave a Reply