རུས་ཀོག་ཐོག་གི་ཁྱི་འཛིངས།

བཙན་བྱོལ་བོད་མིའི་སྲིད་སྐྱོང་འོས་བསྡུ་དང་འབྲེལ་བའི་སྡུག་སྐད་བདག་མེད་ཁྱི་ལྡོམ།

ཆོས་ཉིད་འོད་ཟེར།

བོད་བཙན་པོའི་སྐབས་ཀྱི་སུམ་གཉིས་ས་ཡི་ཐིག་ལེ་དབང་བསྒྱུར་བའི་རྒྱལ་རབས་མཇུག་རྫོགས་པ་དང་། བོད་རྒྱལ་ཁབ་ནི་སྣུམ་ཟད་ཀྱི་མར་མེ་བཞིན་ནུས་མེད་དུ་གྱུར་ཏེ། རྒྱལ་སྲིད་ཀྱང་ཆོས་ཀྱི་ཐེ་གཏོགས་ཆེ་བའི་རྗེས་ལུས་ཀྱི་རྒྱལ་ཁབ་ཅིག་ཏུ་གྱུར་པ་རེད།
རྒྱ་ནག་གིས་བོད་ལ་དབང་བསྒྱུར་བྱས་རྗེས། བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་དབུ་ཁྲིད་པའི་བོད་མི་སྐྱབས་བཅོལ་བ་རྣམས་རྒྱ་གར་དུ་གནས་ཆགས་པ་དང་། བོད་དོན་འཐབ་རྩོད་རྒྱུན་སྐྱོང་ཡོང་ཐབས་ཀྱི་ལས་ལ་ཞུགས་ཡོད་ནའང་། རྒྱ་ནག་གི་སྟོབས་ཤུགས་འཁྲབ་སྟོན་གྱི་འོག་ནས་བཙན་བྱོལ་གཞུང་གི་ངོས་ནས་ཀྱང་ཉི་ཚེ་བའི་ཁེ་ཕན་ཞིག་རག་རྒྱུ་བསྒོམས་ནས་བོད་རྒྱལ་ཁབ་སླར་གསོའི་འཐབ་རྩོད་བློས་བཏང་རྗེས། ཕྱིའི་དབང་བསྒྱུར་ཙམ་དུ་མ་ཟད། བོད་ཀྱི་བླ་སྲོག་དེ་ཡང་ཉམས་ཆག་ཏུ་གྱུར་ནས་དམིགས་ཡུལ་མེད་པའི་དྭ་ཕྲུག་དག་ཏུ་གྱུར་པ་ལས། དོན་དམ་འདི་ན་བོད་དོན་འཐབ་རྩོད་ཀྱི་གནས་བབས་ཆེན་པོ་ཞིག་ལྷག་མི་འདུག

བཙན་བྱོལ་བོད་མིའི་སྤྱི་ཚོགས་མང་གཙོའི་ལམ་ལུགས་ཀྱི་ཁ་གཡང་ཁྲོད་ནས་ད་ལྟ་སྲིད་སྐྱོང་གི་འོས་བསྡུ་འགོ་འཛུགས་བྱས་པ་དང་། འོས་མི་དངོས་སུ་ལངས་མཁན་ལྔ་བྱུང་བའི་ནང་ནས། ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་བོད་རང་བཙན་འཐབ་རྩོད་ཀྱི་དམིགས་ཡུལ་ཞིག་བཟུང་ནས། འོས་བསྡུའི་དྲིལ་བསྒྲགས་བྱས་པ་རེད། དེ་དང་མཉམ་དུ་བཙན་བྱོལ་ནང་རྒྱ་ནག་གི་རྩ་ཁྲིམས་འོག་ནས་སྡོད་འདོད་ཡོད་སྐོར་དང་། ༧སྐྱབས་མགོན་རིན་པོ་ཆེའི་བཀའ་བསྒྲུབ་རྒྱུ་གལ་ཆེན་པོ་ཡིན་ཟེར་མཁན་གྱི་གནད་ཡོད་མི་སྣ་ཁག་ཅིག་གིས་ཁོང་ལ་ཁ་རྡུང་དྲག་པོ་བཏང་བ་མ་ཟད། སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་གིས་ཨ་ཚོགས་ཀླུ་མཁར་བྱམས་དང་མཉམ་དུ་སྡིངས་ཆ་གཅིག་ཏུའང་སྐད་ཆ་བཤད་ཐུབ་ཀྱི་མེད་སྐོར་བརྗོད་དེ། སྲིད་སྐྱོང་འོས་མི་རྣམས་སྔོན་འགྲོའི་སྐབས་མཉམ་དུ་གཏམ་བཤད་བགྲོ་གླེང་གོ་སྒྲིག་བྱེད་རྒྱུ་ཡང་མ་བདེ་བ་ཆགས་པ་དང་མཉམ་དུ། སྲིད་སྐྱོང་ལས་ཐོག་འོས་མི་བློ་བཟང་སེང་གེ་ལས་བྲེལ་གྱིས་བསམ་ཚུལ་བརྗེ་ལེན་གྱི་བགྲོ་གླེང་ཙམ་ཡང་འཚོགས་མ་ཐུབ་པ་རེད། གང་ལྟར་སྔོན་འགྲོའི་འོས་འགྲན་ནང་ཁོང་ཨང་གསུམ་པར་སླེབས་ནའང་། སྟབས་མ་ལེགས་པ་ཞིག་ལ་བོད་རང་བཙན་གྱི་འབོད་སྒྲ་སྒྲོག་མཁན་གྱི་འོས་མི་དེ་དབུས་འོས་བསྡུ་ལས་ཁུངས་ཀྱིས་དངོས་གཞིའི་འོས་མིའི་ནང་དུ་ཞུགས་མ་བཅུག་པ་ལས། འོས་མིའི་བར་གྱི་བགྲོ་གླེང་དེ་བོད་དོན་འཐབ་རྩོད་ཀྱིི་ངོ་བོ་ད་ལྟ་ལས་ཡག་པོ་ཆགས་པའི་རེ་བ་ཡོད་རེད།

ད་ལྟའི་ཆར་དོན་དངོས་སུ་བོད་དོན་འཐབ་རྩོད་ཀྱི་འཆར་གཞི་ཞིག་མེད་པར་སྲིད་སྐྱོང་འོས་མི་བློ་བཟང་སེང་གེ་(སྲིད་སྐྱོང་ལས་ཐོག་)དང་། སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་(གྲོས་ཚོགས་ཚོགས་གཙོ་ལས་ཐོག) གཉིས་ཀྱི་འོས་ལངས་འགྲན་རྩོད་ནང་། དུས་དབང་གོ་སྒྲིག་བྱེད་ཐུབ་མིན་དང་། སྲིད་སྐྱོང་གི་པར་ལས་ཁུངས་ནང་ལ་སྒྲིག་བཤམ་བྱེད་སྟངས་འགྲིག་མིན། ༧གོང་ས་མཆོག་རྒྱབ་རྩར་ལེན་རེས་ཀྱི་རྩོད་གླེང་ཤུགས་ཆེ་རུ་སོང་སྟེ། ནང་ཁུལ་དུ་སྐྱོན་འཛུགས་དམའ་འབེབས་བྱེད་རེས་ཀྱི་ངོ་བོར་གྱུར།

དུས་འཁོར་དབང་ཆེན་གོ་སྒྲིག་ནི་སྤྱིར་བཤད་ན་དགོན་སྡེ་དང་ཆོས་ཚོགས་ཁག་སོགས་ཀྱིས་གོ་སྒྲིག་བྱས་ཏེ། གཞུང་ངོས་ནས་སྐུ་ཕྱྭ་སྲུང་སྐྱོབ་རིགས་ལ་འགན་ཁུར་ན་འགྲིག་པ་ལས། དེ་ནི་རྒྱལ་ཁབ་ཀྱི་ཆབ་སྲིད་དབུ་ཁྲིད་ཀྱི་ལས་དོན་ཆེ་ཤོས་ཤིག་ཏུ་བསྒྱུར་ན་གང་ནས་འགྲིག ཧ་ལས་ན་ཆོས་དོན་ལས་ཁུངས་ཀྱིས་འགན་ཁུར་ན་མ་འཐུས་པ་མེད་པ་ཞིག་རེད་ལ། དེ་སྔོན་ཡང་དེ་ལྟར་བྱས་འདུག
གང་ལྟར་༢༠༡༦ ལོའི་དུས་དབང་ཕར་འགྱངས་བྱེད་དགོས་བྱུང་བ་དང། ༧སྐྱབས་མགོན་རིན་པོ་ཆེའི་སྐུའི་སྨན་བཅོས་ཀྱི་ཆེད་དུ་ཡིན་པ་བཀའ་ཤག་དང། དགའ་ལྡན་ཕོ་བྲང་ནས་གསལ་བསྒྲགས་སྤེལ་བ་དང་འབྲེལ་༧སྐྱབས་མགོན་རིན་པོ་ཆེའི་ངོས་ནས་ཀྱང་དེ་ལྟར་གསལ་བཤད་གནང་རྗེས། སྤྱི་ཚོགས་ནང་གླེང་རྒྱུ་ཆེ་རུ་སོང་བ་དང་། སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་གིས་༧སྐྱབས་མགོན་རིན་པོ་ཆེས་དགོས་པའི་དབང་གིས་གསུངས་པ་ལས་དོན་དངོས་ཆ་ཚང་ཁོང་གིས་ཤེས་ཀྱི་ཡོད་ཅེས། “དྷ་སའི་སྒྲིག་འཛུགས་ཤིག་གིས་བརྟན་བཞུགས་ཕུལ་རྒྱུ་ཡིན་པ་༧གོང་ས་མཆོག་ལ་སྔོན་ནས་ཞུས་པ་དང་། ༧གོང་ས་མཆོག་གིས་ཞལ་བཞེས་གནང་ནས་བརྟན་བཞུགས་དེ་དུས་དབང་སྐབས་བང་བསྒྲིགས་ཤོག་གསུངས་པ་དེ་བཀའ་ཤག་གིས་དེ་མ་འགྲིག་པ་གཟིགས་ནས་ལས་རིམ་ནང་བཅུག་ཐུབ་ཀྱི་མེད་པའི་གནས་སྟངས་ཆགས་རེད། དེ་ནས་བཀའ་ཤག་དང་དགའ་ལྡན་ཕོ་བྲང་བར་བཀའ་མོལ་བྱུང་འདུག ཕྱི་ཟླ་༨ ཚེས་༢༧ ཉིན་༧གོང་ས་མཆོག་ལ་སྙན་སེང་ཞུ་སྐབས། ༧སྐྱབས་མགོན་རིན་པོ་ཆེས་དུས་དབང་དེ་ཆབ་སྲིད་ཆགས་ཀྱི་འདུག་ཟེར་གྱི་འདུག་ལ། ཆབ་སྲིད་ངོ་མ་ཆགས་ཀྱི་འདུག དེ་འདྲ་ཡིན་ན་ཕར་འགྱངས་ཞོག་ཅེས་དགོངས་པ་ཏོག་ཙམ་འཚོམས་པའི་གནས་སྟངས་ངས་ཤེས་སོང་”ཞེས་བློ་བཟང་སེང་གེས་བྱེད་སྟངས་མ་འགྲིག་པ་ཡིན་སྐོར་འགྲེལ་བརྗོད་གནང་འདུག
གལ་སྲིད་དེ་ལྟར་ཡིན་ན། འོས་མི་སྤེན་པ་ཚེ་རིང་གིས་དེ་འདྲ་ཕྱིར་བསྒྲགས་དགོས་དོན་གྱི་དམིགས་ཡུལ་གཙོ་བོ་ཡང་གང་ཡིན་བཤད་ཚོད་མ་ཐིག གང་ཡིན་ཞེ་ན། མང་གཙོའི་ལམ་ལུགས་ནས་འོས་འདེམས་བྱུང་བའི་འགོ་ཁྲིད་ལ་སྐུ་དབང་རྩིས་སྤྲོད་གནང་བ་རེད་ཅེས་ང་ཚོས་སྤོབས་པ་ཆེན་པོ་བཤད་བཞིན་ཡོད་ནའང་། དུས་དབང་ནི་བཀའ་ཤག་གིས་གོ་སྒྲིག་བྱེད་ཀྱི་ཡོད་པས། དོན་དམ་བཀའ་ཤག་ལ་མཛད་རིམ་ཙམ་སྒྲིག་རྒྱུའི་དབང་ཆ་ཡང་མེད་པ་ལྟ་བུ་མངོན་ཡོང་འདུག དགོངས་ཚུལ་གསུང་པ་དང་ལམ་སྟོན་གནང་བ་ཙམ་མ་ཡིན་པར་ཁ་ཐུག་དུས་དབང་ཕར་འགྱངས་གནང་ན་བོད་ཕྱི་ནང་གཉིས་ནས་དུས་དབང་ལ་ཡོང་རྒྱུར་གྲ་སྒྲིག་ཟིན་པའི་མི་མང་ལ་བརྡབ་གསིག་ག་ཚོད་བཟོས་ཡོད་པའང་དགོངས་བཞེས་ཙམ་ཡང་མ་གནང་བ་རེད་དམ། ཡིན་གྱི་མ་རེད། དུས་དབང་གི་མཛད་རིམ་སྒྲིག་སྟངས་ལ་དགོངས་ཚུལ་མ་མཐུན་པ་རེ་བྱུང་ཡོད་སྲིད་པ་ལས། དུས་དབང་ཕར་འགྱངས་དེ་༧གོང་ས་མཆོག་གིས་སྐུ་གཟུགས་སྨན་བཅོས་བརྟག་དཔྱད་ཆེད་ཡིན་སྐོར་ཐེངས་གཉིས་གསུངས་པ་དངོས་ཡོད་ཡིན་པར་ཡིད་ཆེས་བྱ་ཆོག་པ་ཞིག་རེད།

གང་ལྟར་དུས་དབང་དེ་སྲིད་སྐྱོང་འོས་མི་གཉིས་ཀྱིས་གཅིག་གིས་གཅིག་ལ་མ་འཇོན་པའི་བརྡ་འདེད་གཏོང་བྱེད་དུ་བེད་སྤྱོད་གཏོང་བཞིན་པར་བལྟས་ན། དོན་དངོས་སུ་བོད་མིའི་འཐབ་རྩོད་ཆེད་དམིགས་ཡུལ་དང་ལས་དོན་ཞིག་མེད་པ་ཡ་མཚན་གྱི་གནས་སུ་གྱུར་འདུག དེ་བཞིན་ཁོང་གཉིས་ཀྱི་སྐྱོན་འཛུགས་ནི་བོད་དོན་འཐབ་རྩོད་འཆར་གཞི་དང་ཐབས་ལམ་འགྲིག་མིན་ཙམ་མིན་པར། གངས་སྐྱིད་ཁོར་ཡུག་ཏུ་ལས་དོན་ཙག་ཙིག་ཐོག་གི་ཁ་རྩོད་ཁོ་ན་རེད།

སྔོན་འགྲོའི་འོས་ཤོག་ཚད་མཐོན་པོ་བློ་བཟང་སེང་གེ་ལ་ཐོབ་ཡོད་པ་དང་། དེ་ཡང་བཙན་བྱོལ་ནང་དུ་བོད་རང་བཙན་འཐབ་རྩོད་བྱེད་རྒྱུ་མིན་པ་ཕྱི་གསལ་ནང་གསལ་བསྒྲགས་ཟིན་རྗེས། བློ་བཟང་སེང་གེས་སྲིད་སྐྱོང་གནང་རིང་བཙན་བྱོལ་གཞིས་ཆགས་ཁག་དང་། སློབ་གཉེར་བྱེད་མཁན་ཚོར་མཐུན་རྐྱེན་ཟམ་གདོང་རིན་པོ་ཆེ་བཀའ་ཁྲིའི་སྐབས་ལས་ལྷག་ཙམ་བྱུང་ཡོད་ཚོད་འདུག་ན། མི་མང་ཡང་དེ་ལ་འདོད་བློ་ཁེངས་ནས་ཁོང་ལ་འོས་ཤོག་དེ་འདྲ་ཞིག་རག་པར་ངོས་འཛིན་བྱ་ཆོག་པ་ཞིག་རེད། དེ་མིན་ཁྲིམས་ལུགས་སློབ་དཔོན་ཆེན་མོ་གངས་སྐྱིད་དུ་སླེབས་པ་དང་། ཞལ་འདོན་དང་བསྔོ་སྨོན་ཟམ་གདོང་རིན་པོ་ཆེའི་སྐབས་ལས་མང་དུ་སོང་ཡོད་པ་ལས། རྩ་དོན་གྱི་ཐོག་ཏུ་འདི་ཡིན་ཞེས་གྲུབ་འབྲས་ཆེན་པོ་ཞིག་མེད་ལ། ཅིག་བྱས་ན་དབང་ཚད་དང་ནུས་པ་གཉིས་ཀ་ག་ཚོད་ཅིག་ཡོད་མེད་ཀྱང་ཐེ་ཚོམ་རེད།

ཁོང་ལ་ཟམ་གདོང་རིན་པོ་ཆེས་བཀའ་ཤག་རྩིས་སྤྲོད་སྐབས། “བཀའ་ཤག་གི་ལས་དོན་ཐོག་འགྱུར་བ་ག་རེ་བཏང་ཡང་འགྲིག་རེད། ཡིན་ཡང་དབུ་མའི་ལམ་གྱི་ཐོག་ལས་ཀ་བྱེད་ཕྱོགས་ཏོག་ཙམ་མ་འགྲིག་ན། རྒྱུག་པ་ཆུང་ཆུང་ཞིག་ཁྱེར་ཡོང་ནས་ཁྱེད་རང་གི་ལས་ཁུངས་ལ་བཅར་རྒྱུ་ཡིན་”ཞེས་ཆབ་སྲིད་ཀྱི་ཐོག་འགུལ་བསྐྱོད་ཆེན་པོ་ཞིག་རྒྱག་ས་མེད་པའི་ཉེན་བརྡ་བཏང་ཡོད་པ་རེད། དེ་བཞིན་གལ་སྲིད་ཚོགས་གཙོ་སྤེན་པ་ཚེ་རིང་གིས་དུས་དབང་སྐོར་གསུངས་པ་དངོས་ཡོད་ཡིན་ན། དེ་བས་དབང་ཚད་ག་ཚོད་ཡོད་པ་མཚོན་ཡོང་གི་འདུག ༢༠༡༣ ལོའི་ཕྱི་ཟླ་༦ པའི་ཚེས་༡༥ ཉིན་༧གོང་ས་མཆོག་གིས་བོད་མིའི་ཚབ་མཚོན་ཐུབ་མཁན་སུ་ཡིན་མིན་སྐོར་ལ་བཀའ་སློབ་ཅིག་གནང་རྗེས། རྒྱ་རིགས་མང་གཙོ་དོན་གཉེར་བ་དེ་འདྲས་བཙན་བྱོལ་བོད་མིའི་མང་གཙོ་དང་༧གོང་ས་མཆོག་གི་སྐུ་དབང་སྐོར་ལ་རྩོམ་ཡིག་འབྲི་མཁན་ཡང་བྱུང་ཡོད་པ་རེད། དེ་བཞིན་ལས་དོན་བྱེད་ཕྱོགས་ཚང་མ་༧གོང་ས་མཆོག་གི་དགོངས་གཞི་དང་འགལ་གྱི་འདུག་ཅེས་སྐྱོན་བརྗོད་བྱེད་མཁན་ཡང་ཆབ་སྲིད་མི་སྣའི་ནང་དུ་མང་བ། བློ་བཟང་སེང་གེས་དབུ་མའི་ལམ་གྱི་སྲིད་ཇུས་ཐོག་བོད་རྒྱ་འབྲེལ་མོལ་སྐོར་གསུངས་སྐབས། སྔར་ལྷག་འབད་བརྩོན་དང་ཡར་རྒྱས་ཡོད་སྐོར་གསུངས་པ་དང་སྦྲགས། རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་སྐུ་ཚབ་ལས་གཞན་སུ་ལ་ཡ་ལན་སྤྲད་རྒྱུ་མིན་སྐོར་གསུངས་སྟངས་ལ་བལྟས་ན། ས་གནས་མི་རིགས་རང་སྐྱོང་གི་སྲིད་ཇུས་དེ་༧གོང་ས་མཆོག་ལས་གཞན་སུས་ཀྱང་གང་ཡང་བྱེད་ཐབས་མེད་པ་ཞིག་ཀྱང་ཡིན་ཚོད་འདུག་ལ། བོད་པའི་གཏམ་དཔེར་“སྟོད་ཀྱི་ཤྭ་བ་ཤོར། སྨད་ཀྱི་ཤེའུ་ཤོར་བའི་”ཉེན་ཁར་ལྷུང་འདུག

སྤེན་པ་ཚེ་རིང་གྲོས་ཚོགས་ཚོགས་གཙོར་འདེམས་ཐོན་བྱུང་བ་དང་། གྲོས་ཚོགས་ནང་མ་འཆམ་པའི་སྐད་གསང་མཐོ་རུ་སོང་བ་མ་ཟད། ཁོ་རང་གི་ངོས་ནས་ཀྱང་བོད་རང་བཙན་ལས་འགུལ་བ་ཚོས་བྱེད་སྟངས་འགྲིག་གི་མེད་སྐོར་དང་། རྩོམ་པ་པོ་འཇམ་དབྱངས་ནོར་བུ་སོགས་ཀྱིས་བྱེད་སྟངས་ཀྱིས་༧གོང་ས་མཆོག་གི་སྐུ་ཚེ་ཐུང་དུ་བཏང་སྐོར་སོགས་སྤྱི་ཚོགས་འཁྲུག་བྱེད་ཀྱི་སྐད་ཆ་ལས། དོན་དམ་གྱིས་ལས་དོན་འདི་ཡིན་ཟེར་བ་ཆེན་པོ་ཞིག་བསྒྲུབ་མ་ཐུབ་པ་མ་ཟད། བོད་ཀྱི་གཞོན་ལྷན་ནང་དུ་ཆབ་སྲིད་ལངས་ཕྱོགས་མ་མཐུན་པའི་སྐད་ཆ་བྱུང་བ་དང། ཁོང་གིས་ལམ་སྟོན་གནང་གི་ཡོད་མདོག་གིས་གཞོན་ལྷན་གཉིས་བཙུགས་ན་ཡག་གི་རེད་ཅེས་འཆམ་མཐུན་ཡོང་ཐབས་ཀྱི་ལམ་སྟོན་མ་བྱས་པར། སྤྱི་ཚོགས་ཁ་འཐོར་འགྲོ་བྱེད་ཀྱི་སློབ་གསོ་བཏང་བ་མ་ཟད། བོད་དོན་རྒྱབ་སྐྱོར་བ་ཚོས་བོད་རང་བཙན་གྱི་ལངས་ཕྱོགས་བཟུང་སྟེ་བོད་མིའི་སྒྲིག་འཛུགས་ལ་བསམ་ཚུལ་བཏོན་མི་ཆོག་སྐོར་བརྗོད་པ་སོགས་ཆིག་སྒྲིལ་གྱི་ཁ་གཡང་སྒྲོག་པ་ལས། མཉམ་གནས་ཡོང་ཐབས་ཀྱི་ལས་འགུལ་ཞིག་སྤེལ་མེད་པ་རེད།

ཁོང་སྲིད་སྐྱོང་འོས་མིར་ལངས་པ་དང་དབུས་གཙང་ཆོལ་ཁའི་རྒྱུན་ལས་གཙོས་ཚོགས་པ་སྐྱིད་སྡུག་ཁག་ཅིག་གི་སྣེ་ལེན་གོ་སྒྲིག་འོག ཨ་རི་དང་ཡུ་རོབ། རྒྱ་གར་ནང་གི་བོད་མིའི་གཞིས་ཆགས་ས་གནས་ཁག་ཏུ་སྐོར་བསྐྱོད་བྱས་ཏེ། སྲིད་སྐྱོང་བློ་བཟང་སེང་གེའི་མ་འགྲིག་སྐོར་དྲིལ་བསྒྲགས་བྱས་པ་དང་། བློ་བཟང་སེང་གེ་དེའི་རྗེས་སུ་ཕེབས་ཏེ་གསལ་བཤད་བྱེད་དགོས་བྱུང་ཡོད་པ་རེད། རྒྱབ་སྐྱོར་བ་ཁག་ཅིག་གིས་དཀྲོག་གཏམ་དང་འཐེན་འཁྱེར་ག་རེ་བྱས་མིན་ལ་མ་ལྟོས་པར། མི་མང་བྱིངས་ཀྱིས་ཁོང་གཉིས་ཀྱི་བོད་མིའི་དབུ་ཁྲིད་ཡིན་པའི་ཆ་ནས་སྣེ་ལེན་ཟབ་རྒྱས་བྱས་ཡོད་པ་རེད། གཅིག་གིས་གཅིག་ལ་སྐྱོན་བརྗོད་བྱེད་པ་དེ་ཡག་པོར་ངོས་འཛིན་བྱས་ཆོག་ཀྱང་། རྩ་བ་བརླགས་ནས་ཡལ་གར་འཐམ་པ་དང་། རྒྱབ་སྐྱོར་བ་ཚོས་ཁོང་གཉིས་ཀྱིས་ལས་དོན་གང་ཞིག་བྱས་ཀྱང་། སྐད་ཆ་གང་ཞིག་བཤད་ཀྱང་ཕྱོགས་གཅིག་ཡག་པོ་དང་ཕྱོགས་གཅིག་གིས་ཧམ་བཤད་ཡིན་སྐོར་ཁོ་ན་བསྒྲགས་སྟངས་ལ་བལྟས་ན། ས་གནས་མི་རིགས་རང་སྐྱོང་གི་སྲིད་ཇུས་འོག དེ་མ་གཏོགས་བཙན་བྱོལ་བོད་མི་མང་པོ་ཞིག་ལ་བོད་སྤྱིའི་རྩ་དོན་ཆེད་དུ་ལས་དོན་ཞིག་བསྒྲུབ་རྒྱུ་མེད་ཚོད་རེད།
ད་དུང་འོས་བསྡུ་འདི་བརྒྱུད་ནས་འོས་མི་དང་རྒྱབ་སྐྱོར་བ་ཁག་ཅིག་གིས་བྱེད་སྟངས་ཀྱིས་ཆོལ་ཁ་ཕྱོགས་འཐེན་གྱི་ཤུགས་རྐྱེན་ཆེ་རུ་སོང་བ་དང་། དབུས་གཙང་དབུས་རྒྱུན་དང་མདོ་སྨད་དབུས་རྒྱུན་ནས་སྤེན་པ་ཚེ་རིང་ལ་རྒྱབ་སྐྱོར་གྱི་དྲིལ་བསྒྲགས་བྱས་པ་དང་། ཨ་མདོ་ཞིག་གིས་བློ་བཟང་སེང་གེར་མངོན་གསལ་དོད་པོས་རྒྱབ་སྐྱོར་དང་ཁམས་པ་ཞིག་གིས་སྤེན་པ་ཚེ་རིང་ལ་མངོན་གསལ་དོད་པོས་རྒྱབ་སྐྱོར་བྱེད་མ་བདེ་པ་ལྟ་བུ་ཆགས་འདུག དབུས་གཙང་སྲིད་སྐྱོང་དུ་ལངས་མཁན་རག་མ་སོང་། སྤེན་པ་ཚེ་རིང་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་དབུས་གཙང་ཆོལ་ཁའི་ཚོགས་གཙོ་སྤྱི་འཐུས་ཟླ་བ་ཚེ་རིང་གིས་གསལ་བསྒྲགས་བྱས་པ་ལྟར། དབུས་གཙང་མི་མང་ཕྱོགས་གཉིས་སུ་གྱེས་ཡོད་པ་རེད། རྩོམ་པ་པོ་ཆུང་ཚེ་རིང་གིས་ཐེངས་འདིའི་འོས་བསྡུའི་སྐབས་བོད་ལ་ཐོབ་པ་ལས་ཤོར་བ་མང་ས་རེད་ཅེས་ངོ་དེབ་ཐོག་ཟིན་བྲིས་ཤིག་སྤེལ་ཡོད་པ་ཡང་དོན་ལ་གནས་འདུག སྐབས་སྔོན་མའི་འོས་བསྡུའི་སྐབས་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་དང་། བཀྲ་ཤིས་དབང་འདུས། བློ་བཟང་སེང་གེ་བཅས་ཀྱི་བགྲོ་གླེང་ཡང་ད་ལྟ་ལས་ཅུང་ཚད་མཐོ་བ་ཡོད་པ་མ་ཟད། མི་རེ་རེའི་རྒྱབ་ལ་ཆོལ་ཁ་སོ་སོ་ནས་མི་རྒྱབ་སྐྱོར་མངོན་གསལ་དོད་པོས་བྱེད་མཁན་མང་པོ་བྱུང་ཡོད་པ་རེད།

མདོར་བསྡུས་ནས་བཤད་ན། ད་ལྟའི་སྲིད་སྐྱོང་འོས་མི་གཉིས་ཀྱི་འགྲན་རྩོད་ནི་དོན་དམ་གང་ཡང་བྱེད་རྒྱུ་མེད་པར། ང་བཟང་ཁྱོད་ངན་གྱི་རྩོད་གཞི་ཙམ་རེད་ལ། དེའི་བར་དུ་རྒྱབ་སྐྱོར་བ་ཡིན་ཟེར་མཁན་ཕྱོགས་གཉིས་ཀས་ངན་མཚངས་འབྲུ་རེས་དང་། འཇོན་ཐང་གང་ཡང་མེད་པའི་མི་ངན་ཐ་ཤལ་ཡིན་པ་མི་མང་གི་སྔོན་དུ་བཤམ་གང་ཐུབ་བྱེད་བཞིན་ཡོད་པ་རེད། བཙན་བྱོལ་བོད་མིའི་ནང་ཆིག་སྒྲིལ་དང་། ཞི་བདེ། འཚེ་མེད་ཞི་བ། ཡང་དག་པའི་མང་གཙོ་སོགས་ཁ་གཡང་ག་ཚོད་བསྒྲགས་ཀྱང། ལས་དོན་དང་དབང་ཚད་ཆེན་པོ་ཞིག་གང་ཡང་མེད་པས། འདི་ནི་བོད་དེ་ཤ་ཟད་རུས་ལ་ཐུག་པའི་རུས་ཀོག་སྐམ་པོ་ཞིག་ཁོང་གཉིས་ཀྱི་བར་དུ་གཡུག་པ་ལྟ་བུ་ལས། འོས་བསྡུ་ཆེན་མོ་འདི་བརྒྱུད་ནས་བོད་ཀྱི་གནད་དོན་ཞིག་གང་ཡང་གླེང་ཐུབ་ཀྱི་མེད་པ་དེ་རེད།

ཁོང་གཉིས་ལས་སུ་སྲིད་སྐྱོང་དུ་ཐོབ་ནའང་། ད་ལྟའི་ཆར་བཙན་བྱོལ་བོད་མིའི་གནས་བབས་ལ་ལྟ་རྒྱུ་དང་། སློབ་མ་ཚོར་སློབ་ཡོན་རེ་འཚོལ་ཐབས་བྱེད་རྒྱུ་དེ་ལས་ཀ་གཅིག་རེད་ལ། དེ་ངེས་པར་དུ་དགོས་པ་ཞིག་ཀྱང་རེད། དེ་མིན་༧གོང་ས་མཆོག་གི་མཚན་གནས་རྒྱབ་རྩར་ཁྱེར་ནས་དད་པ་ཆེ་མདོག་དང་། རྒྱལ་སྤྱིའི་ཐོག་ནུས་ཚད་ཀྱིས་བོད་རང་བཙན་འཐབ་རྩོད་བྱེད་རྒྱུ་མིན་པ་དེ་དྲིལ་བསྒྲགས་བྱེད་པ་ལས་དོན་ཕན་གྱི་བོད་དོན་འཐབ་རྩོད་ཅིག་ཡོང་བར་རེ་བ་མེད་པས། ཁོང་གཉིས་ལ་འོས་ཤོག་འཕེན་རྒྱུའི་འདུན་པ་ང་ལ་མེད། དེ་མིན་ངས་སྐྱོན་བརྗོད་ནི་སྤེན་པ་ཚེ་རིང་གིས་མི་བསད་ཡོད་མེད་དོགས་གཞི་དང་། ཨ་རག་འཐུང་མིན། བློ་བཟང་སེང་གེས་ཁང་གླ་སྤྲད་ཐུབ་མིན། རྩིག་ངོས་སུ་པར་ཞིག་འགེལ་སྟངས་འགྲིག་མིན་གྱིས་འོས་ཤོག་འཕེན་མ་ཐུབ་པ་མིན།

ཁྲིམས་ལུགས་སློབ་དཔོན་ཆེན་མོ་གངས་སྐྱིད་དུ་སླེབས་པ་དང་། མཆོད་འབུལ་སྨོན་ལམ་དང་ཞལ་འདོན་གྱི་དབུ་མཛད་ཆེན་མོ་ཞིག་ཆགས་གྲབས་ཆགས་གྲབས། གྲོས་ཚོགས་ཚོགས་གཙོ་སྤེན་པ་ཚེ་རིང་ནི་སྐྱིད་སྡུག་ཚོགས་པ་ཁག་ཅིག་གི་སྤྱི་མཐུན་ཚོགས་གཙོ་ཆགས་གྲབས་ཆགས་གྲབས། བཙན་བྱོལ་བོད་མིའི་མང་གཙོ་ནི་གཅིག་སྡུད་རིང་ལུགས་ཀྱི་སྤྱི་ཚོགས་ཤིག་ཆགས་གྲབས་ཆགས་གྲབས། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནི་སྐུ་སྲུང་རུ་ཁག་ཆགས་གྲབས་ཆགས་གྲབས།
མ་འོངས་པར་བོད་དོན་འཐབ་རྩོད་ཀྱི་དམིགས་ཡུལ་བརྟན་པོ་ཞིག་མེད་ན། ད་ལྟ་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ལས་འགུལ་གྱི་ཁ་ཕྱོགས་དེ་ཉིན་རེ་བཞིན་ནུས་མེད་ཆགས་ཏེ། བོད་མི་ཚོར་ཐུན་མོང་གི་དམིགས་ཡུལ་ཞིག་མེད་པར་ཁ་འཐོར་དུ་འགྲོ་ཉེན་འདུག་ལ། བོད་མིའི་སྒྲིག་འཛུགས་དེ་ཡང་ཆབ་སྲིད་སྐྱབས་བཅོལ་བ་ཞིག་གི་སྒྲིག་འཛུགས་མ་ཡིན་པར་སྐྱིད་སྡུག་ཚོགས་པ་ཙམ་གྱི་ངོ་བོར་འགྱུར་ཉེན་འདུག །༢༠༡༦།༢།༢༠

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||