བོད་རང་བཙན་ཉིན་མོ་སྲུང་བརྩི་དང་བོད་ཀྱི་དམག་དར་རྙིང་པ་འགྲེམས་སྟོན།

སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་གྱིས་བོད་མི་ཚོས་ཆབ་སྲིད་ལས་འགུལ་སྤེལ་སྐབས་བོད་རང་བཙན་དང་རང་དབང་བཤད་ན་འགྲིག་གི་འདུག་དང་། འགྲིག་གི་མི་འདུག་སྐོར་ལ་བསམ་ཚུལ་མ་མཐུན་པ་ཡོད་ཀྱང་། བོད་ཀྱི་རྒྱལ་དར་འཕྱར་བར་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚང་མར་ལྟ་ཚུལ་མ་མཐུན་པ་གང་ཡང་མེད་པས། ཚང་མས་རྒྱལ་དར་འཕྱར་དགོས་སྐོར་དང་། དེས་བོད་མི་རྡོག་རྩ་ཆིལ་སྒྲིལ་བཟོས་ཡོད་སྐོར་གསུངས་སོང་།

_MG_5088དེ་ཡང་ཟླ་འདིའི་ཚེས་༡༣ ཉིན་གྱི་ཕྱི་དྲོ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག དྷ་ས་མག་གྷན་ཉིན་མོའི་སློབ་གྲྭའི་ཚོགས་ཁང་ནང་བོད་ཀྱི་མ་འོངས་འཆར་སྣང་བོད་རང་བཙན་ཉིན་མོ་སྲུང་བརྩི་བྱས་ཡོད་པ་དང་། དེར་བོད་རང་བཙན་སྐབས་ཀྱི་དམག་དར་རྙིང་པ་ལོ་བརྒྱ་ལྷག་འཁོར་བ་ཞིག་དང་བོད་ཀྱི་རྒྱལ་དར་འགྲེམས་སྟོན་བྱས་ཡོད་པ་རེད།

དེ་བཞིན་ཉིན་དེར་གཙོ་བོ་བོད་ཀྱི་རྒྱལ་དར་འགྲེལ་བཤད་སྐོར་ལ་བགྲོ་གླེང་འཚོགས་པ་དང་། དེར་༡༩༥༩ སྔོན་གྱི་བོད་གཞུང་གི་གཞུང་ཞབས་ཟུར་པ་སྣར་སྐྱིད་ངག་དབང་དོན་གྲུབ་ཀྱིས་བོད་ཀྱི་རྒྱལ་དར་གྱི་མཚོན་དོན་སྐོར་དང་། བོད་གཞུང་གིས་སྔོན་མ་རྒྱལ་དར་སྐོར་ལ་ཞིབ་འཇུག་ཚོགས་ཆུང་བཙུགས་སྐོར་འགྲེལ་བཤད་གནང་ཡོད་པ་རེད། དེ་བཞིན་བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་གྱིས་བོད་ཀྱི་རྒྱལ་དར་གྱི་བྱུང་རིམ་ངོ་སྤྲོད་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་རྡོ་རྗེ་ཚེ་བསྟན་དང་། དགུ་བཅུ་གསུམ་ཚོགས་པའི་ཚོགས་གཞོན་ལྷ་རྒྱལ་རི་རྣམ་རྒྱལ་སྒྲོལ་དཀར་གཉིས་ཀྱིས་དབྱིན་སྐད་ཐོག་གཏམ་བཤད་གནང་ཡོད་པ་རེད།
དགེ་བཤེས་སྨོན་ལམ་མཐར་ཕྱིན་གྱིས་བོད་ཀྱི་རྒྱལ་དར་གྱི་བྱུང་རིམ་སྐོར་ངོ་སྤྲོད་གནང་སྐབས། བོད་ཀྱི་རྒྱལ་དར་དེ་སྲུང་བཙན་སྒམ་པོའི་སྐབས་དམག་གི་རུ་དར་ནས་བྱུང་བ་ཡིན་སྐོར་འདུག་མོད། དེའི་སྔོན་གྱི་བོད་ཀྱི་གདོད་མིའི་སྤྱི་ཚོགས་སྐབས་ཀྱི་རུ་ཚོན་དང་རུ་དར་ལ་ཁུང་བཅོལ་ན་ཡག་པོ་ཡོད་སྐོར་དང་། བོད་ཀྱི་རྒྱལ་དར་འཕྱར་སྟངས་དང་ཉར་ཚགས་བྱེད་སྟངས་ལ་ཆེ་མཐོང་དགོས་སྐོར་དང་འབྲེལ། ཁོང་གིས་བོད་ཀྱི་རྒྱལ་དར་ཕྱེད་ཀ་རལ་བསྡད་ཡོད་པ་འཕྱར་ཡོད་པའི་འདྲ་པར་སོགས་བསྟན་ཡོད་པ་རེད།

_MG_5134དེ་བཞིན་དགེ་བཤེས་སྨོན་ལམ་མཐར་ཕྱིན་གྱིས། རྒྱལ་དར་གྱི་ཚོན་མདོག་དང་བཟོ་སྟངས་སོགས་གཅིག་གྱུར་དགོས་པ་དང་། བོད་མི་ཚོས་ཆབ་སྲིད་ལས་འགུལ་སྤེལ་སྐབས་བོད་རང་བཙན་དང་རང་དབང་བཤད་ན་འགྲིག་གི་འདུག་དང་འགྲིག་གི་མི་འདུག་སྐོར་ལ་བསམ་ཚུལ་མ་མཐུན་ཡོད་ཀྱང་། བོད་ཀྱི་རྒྱལ་དར་འཕྱར་བར་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚང་མར་ལྟ་ཚུལ་མ་མཐུན་པ་གང་ཡང་མེད་པས། ཚང་མས་རྒྱལ་དར་འཕྱར་དགོས་སྐོར། དེས་བོད་མི་རྡོག་རྩ་ཆིལ་སྒྲིལ་བཟོས་ཡོད་སྐོར་གསུངས་པ་དང་། བོད་ཕྱི་ནང་གཉིས་ནས་རྒྱལ་དར་འཕྱར་བའི་ལས་འགུལ་གྱི་པར་ངོ་སྤྲོད་གནང་ཡོད་པ་རེད།

སློབ་ཕྲུག་ཚོགས་པའི་ཚོགས་གཙོ་རྡོ་རྗེ་ཚེ་བསྟན་གྱིས་ལས་འགུལ་ངོ་སྤྲོད་སྐབས། ཁོང་ཚོས་རྒྱལ་དབང་སྐུ་ཕྲེང་༡༣ པས་བོད་རང་བཙན་བསྐྱར་ནས་གྱི་གསལ་བསྒྲགས་སྤེལ་ནས་ལོ་བརྒྱ་འཁོར་བའི་དུས་དྲན་༢༠༡༢ ལོ་སྲུང་བརྩི་དང་། ༢༠༡༤ ལོར་བོད་བཙན་པའི་སྐབས་ཀྱི་རྒྱ་བོད་རྡོ་རིང་སྐོར་ལ་བགྲོ་གླེང་འཚོགས་སྐོར། འདི་ལོར་བོད་ཀྱི་རྒྱ་དར་འགྲེམས་སྤེལ་གཙོ་བོ་བྱས་ཏེ། བོད་རང་བཙན་གྱི་ལས་འགུལ་འདི་སྤེལ་སྐོར་དང་། ད་ལྟ་བོད་རང་བཙན་ཐོབ་མེད་ནའང་རང་བཙན་ཉིན་མོ་སྲུང་བརྩི་དགོས་པ་གལ་ཆེན་ཡིན་སྐོར། རྒྱ་གར་རང་བཙན་མ་ཐོབ་སྔོན་༡༩༢༩ ལོར་ལོ་གཉིས་རིང་དབྱིན་གཞུང་གིས་རྒྱ་གར་གྱི་དགོས་འདུན་ལ་ངོས་ལེན་མ་བྱས་ན། རྒྱ་གར་རང་བཙན་གྱི་གསལ་བསྒྲགས་སྤེལ་རྒྱུ་ཡིན་སྐོར་བརྗོད་པ་དང་། དེ་རྗེེས་རྒྱ་གར་གྱིས་ཕྱི་ཟླ་༡ ཚེས་༢༦ རང་བཙན་གྱི་ཉིན་མོར་སྲུང་བརྩི་བྱས་ནས། ལོ་༡༩ རྗེས་སུ་རང་བཙན་ཐོབ་པ་དང་། ད་ལྟ་རྒྱ་གར་གྱིས་ཉིན་མོ་དེ་སྲུང་བརྩི་བྱེད་ཀྱི་ཡོད་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད།

གཏམ་བཤད་ཚར་པ་དང་། མི་མང་གི་དྲི་བར་ལན་འདེབས་བྱས་ཡོད་པ་དང་། ཚོགས་ཞུགས་པ་མཁས་དབང་བཀྲ་ཤིས་ཚེ་རིང་གིས་བོད་ཀྱི་རྒྱལ་དར་སྐོར་ལ་དགོངས་ཚུལ་གསུངས་པ་དང་། འདས་པོ་གདོང་ཐོག་རིན་པོ་ཆེ་དང་། མདོ་སྨད་པ་ཡོན་ཏན་རྒྱ་མཚོ་གཉིས་ཀྱིས་བོད་ཀྱི་རྒྱལ་དར་སྐོར་ལ་དགོངས་ཚུལ་བཏོན་པའི་རྩོམ་ཡིག་སྒྲོགས་སྦྱང་བྱས་ཡོད་པ་རེད།

མཇུག་ཏུ་བོད་ཀྱི་གཞས་པ་ཁག་ཅིག་གིས་གཞས་སྣ་འཁྲབ་སྟོན་བྱས་ཏེ། དུས་དྲན་སྲུང་བརྩི་མཇུག་བསྡུས་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||