གསེར་རྟ་བླ་རུང་སྒར་གཏོར་བཤིག་མཚམས་འཇོག་དང་ཆོས་དད་རང་དབང་དགོས།
ཟླ་འདིའི་ཚེས་༡༩ དགོང་མོ་དྷ་སར་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔའི་གོ་སྒྲིག་འོག རྒྱ་ནག་གིས་གསེར་རྟ་བླ་རུང་སྒར་གཏོར་བཤིག་གཏོང་བཞིན་པ་དེ་མཚམས་འཇོག་དགོས་པ་དང་། དེར་གནས་སྡོད་གྲྭ་བཙུན་ཚོར་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་རེད།
དགོང་མོ་དེར་དྷ་ས་མེག་གྷན་ཉིན་མོའི་སློབ་གྲྭར་ཉེ་འཁོར་གྱི་དགོན་སྡེ་ཁག་གི་གྲྭ་པ་དང་བཙུན་མ་གཙོས་སྐྱ་སེར་མི་མང་འདུ་འཛོམས་ཐོག་ཡང་ལ་སྦར་དེ་སྨོན་ལམ་གསུང་འདོན་གནང་བ་དང་། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་གྱིས་གསེར་རྟ་བླ་རུང་ལྔ་རིགས་ནང་བསྟན་སློབ་གླིང་རྒྱ་ནག་གིས་གཏོར་བཤིག་གཏོང་བཞིན་པ་དེ་ངོ་སྤྲོད་དང་འབྲེལ་ནས་གསུང་དོན། “རྒྱ་ནག་གཞུང་གིས་སྲིད་ཇུས་འཐེན་ནས་གསེར་རྟ་བླ་རུང་སྒར་ཆུང་དུ་གཏོང་ཐབས་དང་། གྲྭ་བཙུན་ཉུང་དུ་གཏོང་ཐབས་བྱེད་བཞིན་ཡོད་པ་རེད། སྲིད་ཇུས་དེ་༢༠༡༧ བར་དུ་ལག་བསྟར་བྱེད་རྒྱུ་རེད་འདུག་ལ། བླ་རུང་སྒར་གྱི་གྲྭ་བཙུན་ཚོར་ང་ཚོས་དཀའ་ངལ་དེ་ཤེས་ཀྱི་ཡོད་པས་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དུ་དོ་དགོང་སྨོན་ལམ་གསུང་འདོན་གནང་གི་ཡོད་”ཅེས་དང་། རྒྱལ་སྤྱིའི་ཐོག་ནས་བླ་རུང་སྒར་གཏོར་བཤིག་དེ་མཚམས་འཇོག་ཡོང་བར་འབད་བརྩོན་གནང་རོགས་ཞེས་འབོད་སྐུལ་ཞུ་ཆེད་དུ་འདིར་འཛོམས་པ་ཡིན་ཞེས་སོགས་གསུངས་སོང་།
ལས་འགུལ་གོ་སྒྲིག་པ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་ཀྱི་བུད་མེད་ལྷན་ཚོགས། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་རྒྱལ་ཡོང་མང་གཙོ་ཚོགས་པ་བཅས་མཉམ་འབྲེལ་གྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་རྒྱ་ནག་གིས་བོད་ལ་ཐོག་མར་བཙན་འཛུལ་སྐོར་འཁོད་ཡོད་པ་དང་། རྒྱ་ནག་གུང་ཁྲན་གཞུང་གིས་གསེར་རྟ་སྒར་གཏོར་བཤིག་སྐོར་འཁོད་དོན། “རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༠༡ ལོ་ནས་བཟུང་དགོན་པ་དེར་བཅོས་སྒྲིག་བྱེད་པའི་མིང་ཐོག་ནས་གྲྭ་བཙུན་ཕྱིར་ཕུད་དང། གྲྭ་ཤག་གཏོར་གཤིགས། ཆོས་ཕྱོགས་ཀྱི་བྱེད་སྒོ་བཀག་བསྡོམས་བྱེད་པའི་ལས་འགུལ་དེ་ཚ་ཚ་འུར་འུར་གྱི་སྒོ་ནས་འགོ་འཛུགས་བྱས་པ་དང། གནས་ཚུལ་དེ་འདྲའི་འོག་གྲྭ་བཙུན་འགའ་ཤས་ཀྱིས་རང་ཤི་རྒྱག་པ་དང། སེམས་སྡུག་གིས་མནར་ནས་འདས་གྲོངས་སོང་བ། འགའ་ཤས་སེམས་པ་ཐང་ཐང་མེད་པར་གྱུར་བ། ཐ་ན་དགོན་པ་དེའི་མཁན་པོ་འཇིགས་མེད་ཕུན་ཚོགས་མཆོག་ཀྱང་སྙུང་གཞིས་རྐྱེན་པས་འདས་གྲོངས་སུ་གྱུར་བ་སོགས་ཡིད་སྐྱོ་བའི་གནས་ཚུལ་ཞིག་བྱུང་ཡོད་”ཅེས་འཁོད་འདུག
གསལ་བསྒྲགས་དེའི་ནང་། “འབྲེལ་ཡོད་ཞིབ་འཇུག་གི་སྙན་ཐོ་ལས་མཐོང་ཐུབ་པར། རྒྱ་གཞུང་གིས་གསེར་རྟ་བླ་རུང་དགོན་གཏོར་བཤིག་བྱ་རྒྱུའི་ཐད་ཀྱི་ལས་འཆར་བཀའ་རྒྱའི་ནང་དགོན་པའི་གྲྭ་པ་དང་བཙུན་མ། དགེ་བསྙེན་བཅས་གྲངས་འབོར་ཉུང་འཕྲི་བྱ་རྒྱུ་ཡིན་པ་དང་། ཕྱི་ལོ་༢༠༡༦ ལོར་གྲྭ་བཙུན་གྲངས་འབོར་༢༢༠༠ ཕྱིར་འབུད་གཏོང་རྒྱུ་ཡིན་འདུག དེའི་ནང་དགེ་བསྙེན་གྲངས་༡༠༢༩ དགོན་པ་ལས་ལོགས་སུ་བགར་རྒྱུ། གྲྭ་པ་དང་བཙུན་མ་གྲངས་༡༢༠༠ དགོན་པ་ནས་ཕྱིར་འབུད་གཏོང་རྒྱུ་དང་། དེའི་ཁྲོད་དུ་ཞིང་ཆེན་གཞན་ནས་ཡིན་པའི་གྲྭ་བཙུན་གྲངས་༦༠༠ ཚུད་ཡོད་པ་རེད། ད་དུང་ཕྱི་ལོ་༢༠༡༧ ལོར་དགོན་པའི་གྲྭ་བཙུན་སོགས་ཀྱི་ཁྱོན་བསྡོམས་མི་གྲངས་༥༠༠༠ ལ་ཚོད་འཛིན་བྱ་དགོས་ཀྱི་ཡོད་འདུག གལ་སྲིད། ཕྱི་ལོ་༢༠༡༧ ཟླ་༩ ཚེས་༣༠ སྔོན་ལ་མི་གྲངས་༥༠༠༠ དུ་ཚོད་འཛིན་མ་ཐུབ་པ་ཡིན་ན། ༢༠༡༧ ལོར་དགོན་པའི་མི་གྲངས་ཀྱི་མིང་ལྟར་ཕྱིར་འབུད་གྲྭ་བཙུན་གྱི་མི་གྲངས་ཇེ་མང་དུ་གཏོང་རྒྱུ་ཡིན་འདུག དེར་མ་ཟད། འདི་ལོར་ཕྱིར་འབུད་བྱས་པའི་གྲྭ་པ་དང་བཙུན་མའི་མིང་ཐོ་རྣམས། ཕྱི་ལོ་༢༠༡༦ ཟླ་༦ ཚེས་༡༥ སྔོན་ལ་གོང་རིམ་སྲིད་གཞུང་ལ་རྩིས་སྤྲོད་ཐོག ཕྱི་ཟླ་༡༠ ཚེས་༣༠ སྔོན་ལ་ཕྱིར་འབུད་བཏང་ཚར་དགོས་པ་དང་། དགོན་པར་གཏན་སྡོད་ཚད་གཞིའི་མི་གྲངས་༥༠༠༠ ཡི་མིང་ཐོ་གོང་རིམ་ལ་སྤྲོད་དགོས་པ་དང་། དེའི་ནང་ཞིང་ཆེན་གཞན་གྱི་གྲྭ་བཙུན་གྲངས་༡༠༠༠ ལས་བརྒལ་མི་ཆོག་པ་རེད། དེ་ལས་གཞན་པའི་དགོན་པར་གནས་སྡོད་མི་སྣ་རྣམས་ཀྱི་མིང་ཐོ་ཞིབ་བཤེར་གྱིས་ཕྱི་ལོ་༢༠༡༦ ཟླ་༨ ཚེས་༣༠ སྔོན་ལ་གོང་རིམ་ལ་སྤྲོད་དགོས་ཀྱི་ཡོད་འདུག ལས་གཞི་དེར་འགན་འཁུར་མཁན་འགོ་ཁྲིད་ནི་རྒྱ་རིགས་འགོ་ཁྲིད་གྲང་ཕེན་སུན་དང་། ཏན་ནས་ཁེ། ཚས་ཡས་སྤོང་གསུམ་དང་། འགན་ལེན་ལས་ཁུངས་ནི་ཁུལ་འཐབ་ཕྱོགས་གཅིག་གྱུར་ཁང་། ཁུལ་མི་རིགས་ཆོས་ལུགས་ལས་དོན་ཁང་། ཁུལ་སློབ་གསོ་སྡེ་ཁག ཁུལ་སྤྱི་བདེ་ལས་ཁུངས། ཁུལ་དམངས་སྲིད་ལས་ཁུངས། གསེར་རྟ་རྫོང་སྲིད་གཞུང་། ཕྱི་ཡོང་གྲྭ་བཙུན་རྣམས་དང་འབྲེལ་ཡོད་ཀྱི་རྫོང་དང་ས་ཁུལ་སྲིད་གཞུང་བཅས་ཡིན་འདུག་”ཅེས་འཁོད་འདུག
བོད་ཀྱི་ཚོགས་པ་ལྔས་ “ང་ཚོས་རྒྱ་གཞུང་གི་སྲིད་ཇུས་དེར་མཐའ་གཅིག་ཏུ་ངོ་རྒོལ་དང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་གྲྭ་བཙུན་རྣམས་ལ་གདུང་སེམས་མཉམ་སྐྱེས་བྱས་པའི་རྨང་གཞིའི་ཐོག་སློབ་གླིང་དེའི་རྒྱུན་གཏན་རང་བཞིན་གྱི་ཆོས་ཕྱོགས་ཀྱི་བྱེད་སྒོ་བསྐྱར་གསོའི་ཆེད་རྒྱལ་སྤྱིའི་སྤྱི་ཚོགས་ལ་འབོད་སྐུལ་ཞུ་བཞིན་ཡོད་”ཅེས་བསྒྲགས་པ་དང་། ལས་འགུལ་དེ་རྒྱལ་ཁབ་ཁག་གི་ནང་བོད་མི་གནས་སྡོད་བྱེད་སའི་གྲོང་ཁྱེར་༢༠ ལྷག་གི་ནང་སྤེལ་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།