༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས།
དེ་རིང་སྟེ་ཕྱི་ཟླ་ ༢ ཚེས་ ༨ ཉིན་དབུས་འོས་བསྡུ་ལས་ཁང་ནས་༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་ཆེན་མོའི་གྲུབ་འབྲས་དངོས་སུ་ཕྱིར་བསྒྲགས་བྱས་པའི་ནང་། སྤྱི་འཐུས་ཚོགས་གཙོ་ཟུར་བ་སྤེན་པ་ཚེ་རིང་ལ་འོས་གྲངས་༢༤༤༨༨ དང་། ཨ་རིའི་དོན་གཅོད་ཟུར་པ་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལ་༡༤༥༤༤ བྱུང་འདུག
དེ་རིང་རེས་གཟའ་ཟླ་བའི་ཉིན་དབུས་འོས་བསྡུ་ལས་ཁང་གིས་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་ ༢༠༢༡ ལོའི་སྲིད་སྤྱིའི་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་དངོས་སུ་ཕྱིར་བསྒྲགས་བྱེད་པའི་གསར་འགོད་ལྷན་ཚོགས་ཤིག་བསྐོངས་པའི་ཐོག འོས་བསྡུ་ལས་ཁང་ནས་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་༦༧ པའི་ནང་གསེས་༣ པའི་ནང་གསལ་ལྟར་སྲིད་སྐྱོང་གི་“འོས་དམིགས་དྲུག་”ཕྱིར་བསྒྲགས་བྱས་སོང་བའི་ནང་། སྤྱི་འཐུས་ཚོགས་ཟུར་སྤེན་པ་ཚེ་རིང་ལ་འོས་༢༤༤༨༨ དང་། ཨ་རིའི་སྐུ་ཚབ་དོན་ཟུར་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལ་འོས་༡༤༥༤༤། བཀའ་ཟུར་རྒྱ་རི་སྒྲོལ་མ་ལ་འོས་༡༣༣༦༣། དེ་བཞིན་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལ་འོས་༡༠༢༠༠ དང་། བཀའ་ཟུར་བློ་བཟང་སྙན་གྲགས་ལ་འོས་༩༩༩། སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་ལ་འོས་༢༢༦ བཅས་ཐོབ་འདུག
ལོ་སྔོན་མའི་ཕྱི་ཟླ་༩ པའི་ནང་དབུས་འོས་བསྡུ་ལས་ཁང་ནས་༢༠༢༡ ལོའི་བོད་མིའི་འོས་བསྡུ་ཆེན་མོ་དང་འབྲེལ་བའི་ལས་རིམ་དང་སྒྲིག་གཞི་ཕྱིར་བསྒྲགས་བྱས་པའི་ནང་། “སྲིད་སྐྱོང་གི་དངོས་གཞིའི་འོས་གཞི་གྲངས་གཉིས་ལ་གཏན་འབེབས་ཐག་གཅོད་ཞུས་པ་ཡིན་”པའི་གཏན་འབེབས་བྱས་ཡོད་སྟབས། དགོངས་ཞུའམ་ཕྱིར་འཐེན་གྱི་གནས་ཚུལ་མ་བྱུང་བ་ཡིན་ན། ཚོགས་ཟུར་སྤེན་པ་ཚེ་རིང་དང་དོན་ཟུར་སྐལ་བཟང་རྡོ་རྗེ་གཉིས་༢༠༢༡ ལོའི་སྲིད་སྐྱོང་གི་དངོས་གཞིའི་འོས་བསྡུ་ཆེན་མོའི་འོས་མི་ཆགས་ཡོད་པ་རེད།
དེ་རིང་གི་གསར་འགོད་ལྷན་ཚོགས་ཐོག འོས་བསྡུའི་སྤྱི་ཁྱབ་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་གིས་༢༠༢༡ ལོའི་འོས་བསྡུ་ཆེན་མོའི་ནང་དུ་དེབ་སྐྱེལ་བྱེད་མཁན་ཁྱོན་སྡོམ་༨༢༩༦༩ བྱུང་བ་ལས། བརྒྱ་ཆ་༧༦.༧༨ ཀྱིས་དངོས་སུ་སྔོན་འགྲོའི་འོས་བསྡུའི་ནང་འོས་ཤོག་འཕངས་ཡོད་པ་དང་། དེ་ནི་ཕྱི་ལོ་༡༩༦༠ ལོར་༧གོང་ས་མཆོག་གིས་བོད་མིར་མང་གཙོའི་གསོལ་རས་གནང་བ་ནས་བཟུང་ད་ལྟ་བར་དུ་“འོས་འཕེན་པའི་གྲངས་འབོར་དང་བརྒྱ་ཆ་མཐོ་ཤོས་ཀྱི་གནས་སྟངས་ཤིག་ཆགས་བསྡད་ཡོད་”སྐོར་གསུངས་སོང་།
དེ་བཞིན་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་༤༩ པའི་ནང་གསེས་༡ པོའི་དགོངས་དོན་ལྟར། དབུས་འོས་བསྡུ་ལས་ཁང་གིས་ཆོལ་ཁ་རེ་ནས་རྩེ་ཕུད་དུ་སོན་པའི་འོས་མི་༣༠ རེ་དང་། ཆོས་བརྒྱུད་ཁག་ལྔ་དང་། ལྷོ་བྱང་ཨ་རི། ཡུ་རོབ་དང་ཨ་ཧྥི་རི་ཀ་བཅས་ནས་རྩེ་ཕུད་དུ་སོན་པའི་འོས་མི་༦ རེ། རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤ་ཡ་དང་ཨོ་སེ་ཀྲེ་ལེ་ཤེ་ཡ་ནས་འོས་མི་༣ བཅས་ཕྱིར་བསྒྲགས་བྱས་སོང་།
དབུས་འོས་བསྡུ་ལས་ཁུངས་ནས་ཕྱི་ལོ་༢༠༢༡ ལོའི་སྲིད་སྐྱོང་དང་། སྤྱི་འཐུས་ཀྱི་དངོས་གཞིའི་འོས་གཞི་ཕྱི་ལོ་༢༠༢༡ ཟླ་༣ ཚེས་༢༡ ཉིན་གནང་རྒྱུ་ཡིན་པ་དང་། དེའི་བར་དུ་“འོས་གཞིའི་མཚན་གཞུང་ནང་ཡོད་ཁག་དང་། ཕྱོགས་གཏོགས། མང་ཚོགས་སུ་ཐད་ནས་དུས་རྒྱུན་དེ་བར་འོས་བསྡུའི་དྲིལ་བསྒྲགས་དང་གཏམ་བཤད་སོགས་ནམ་ཡང་མི་ཆོག་”སྐོར་བརྗོད་སོང་།
༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་དངོས་གཞི་འོས་བསྡུ་ཆེན་མོ་དེ་ཕྱི་ལོ་༤ ཚེས་༡༡ ཉིན་ལ་གཏན་འཁེལ་བྱས་ཡོད་པ་དང་། ཕྱི་ཟླ་༥ ཚེས་༥ ནས་ཚེས་༡༣ དངོས་གཞིའི་འོས་ཤོག་གྲངས་བཤེར་ཕྱོགས་བསྡོམས་བྱ་རྒྱུའི་གཏན་འབེབས་བྱས་ཡོད་པ་རེད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།