༢༠༢༤ ལོའི་འཛམ་གླིང་ཞི་བདེེའི་གཟེངས་རྟགས་དེ་རྡུལ་ཕྲན་མཚོན་ཆ་འགོག་མཁན་ཉི་ཧོང་གི་ཚོགས་པ་ཞིག་ལ་ཐོབ་འདུག

ཟླ་འདིའི་ཚེས་༡༡ ་ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་༢༠༢༤ ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་དེ་རྡུལ་ཕྲན་མཚོན་ཆ་མེད་པའི་འཛམ་གླིང་ཞིག་སྐྲུན་ཐབས་གནང་མཁན་ཉི་ཧོང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་ལ་འབུལ་རྒྱུའི་གསལ་བསྒྲགས་སྤེལ་འདུག
ཉི་ཧོང་ནང་གི་(Nihon Hidankyo) ་ཞེས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་གིས་འདས་པའི་ལོ་མང་རིང་། རྡུལ་ཕྲན་མཚོན་ཆ་མེད་པའི་འཛམ་གླིང་ཞིག་སྐྲུན་ཐབས་ཀྱི་འབད་བརྩོན་བྱས་པར་བརྟེན། ཟླ་འདིའི་ཚེས་༡༡ ་ཉིན་ནོ་བྷེལ་གཟེངས་རྟགས་ཚོགས་ཆུང་གིས་ཕྱི་ལོ་༢༠༢༤ ་ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་དེ་ཚོགས་པ་དེར་འབུལ་རྒྱུའི་གསལ་བསྒྲགས་སྤེལ་འདུག
ནོ་བྷེལ་གཟེངས་རྟགས་ཚོགས་ཆུང་གིས་བརྗོད་པ་ལྟར་ན། ཚོགས་པ་དེ་ཕྱི་ལོ་༡༩༤༥ ་ལོར་ཨ་རིས་ཉི་ཧོང་གི་གྲོང་ཁྱེར་(Hiroshima)་དང་(Nagasaki) ་གཉིས་ལ་རྡུལ་ཕྲན་མཚོན་ཆ་འཕངས་ནས་མི་འབུམ་གཅིག་དང་ཁྲི་གཉིས་ལྷག་བསད་པའི་རྗེས། ཕྱི་ལོ་༡༩༥༦ ་ལོར་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དེ་གསར་དུ་བཙུགས་ཞིང་། འདས་པའི་ལོ་མང་རིང་། ཚོགས་པ་དེས་དཔང་རྟགས་བརྒྱ་ཕྲག་མང་པོ་བཏོན་ནས་རྡུལ་ཕྲན་མཚོན་ཆའི་རིགས་སླར་ཡང་བཀོལ་སྤྱོད་བྱེད་མི་ཉན་པ་ར་སྤྲོད་བྱས་པ་དང་། རྡུལ་ཕྲན་མཚོན་ཆ་བེད་སྤྱོད་བྱས་ན་འགྲོ་བ་མིའི་རིགས་ལ་གནོད་སྐྱོན་ཚབས་ཆེན་ཡོང་རྒྱུའི་སྐོར་ལ་གོ་རྟོགས་སྤེལ་ཡོད་འདུག
ལོ་རྗེས་མར་ཨ་རིས་ཉི་ཧོང་དུ་རྡུལ་ཕྲན་མཚོན་ཆ་འཕངས་ནས་ལོ་ངོ་ཧྲིལ་པོ་༨༠ འཁོར་གྱི་ཡོད་ན་ཡང་དེའི་ཤུགས་རྐྱེན་ངན་པ་ད་དུང་ལྷག་ཡོད་པ་དང་། དེང་སང་གི་རྡུལ་ཕྲན་མཚོན་ཆར་གཏོར་བཤིག་གི་ནུས་པ་དེ་ལས་ཆེ་བ་ལྡན་ཞིང་། རྡུལ་ཕྲན་མཚོན་ཆས་མི་ས་ཡ་མང་པོ་གསོད་ཐུབ་པ་དང་གནམ་གཤིས་ལ་གོད་ཆག་ཚབས་ཆེན་བཟོ་སྲིད་པ། ལྷག་པར་དུ་རྡུལ་ཕྲན་མཚོན་ཆའི་དམག་འཁྲུག་གིས་ང་ཚོའི་དཔལ་ཡོན་ཡང་རྩ་མེད་བཟོ་སྲིད་པར་བརྗོད་འདུག
ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་དེ་སི་ཝི་ཌན་གྱི་གསར་གཏོད་པ་དང་ཚན་རིག་པ་(Alfred Nobel) ་ཞེས་པ་ཚེ་ལས་འདས་པའི་དུས་དྲན་གྱི་ཉིན་མོ་སྟེ། ཕྱི་ཟླ་༡༢ ཚེས་༡༠ ་ཉིན་ནོར་ཝེའི་རྒྱལ་ས་ཨོ་སོ་ལོར་འཚོགས་རྒྱུ་དང་། ནོ་བྷེལ་གཟེངས་རྟགས་ཐོབ་མཁན་རྣམས་ལ་སི་ཝི་ཌན་གྱི་དངུལ་(Krona) ་ས་ཡ་༡༡ རེ་ཐོབ་ཀྱི་ཡོད་འདུག་པ་དང་། གཟེངས་རྟགས་ཐོབ་མཁན་མང་པོ་ཡོད་ཚེ་དངུལ་འབོར་དེ་མཉམ་བགོས་བྱེད་ཀྱི་ཡོད་འདུག
ནོར་སྦེལ་ཞི་བདེའི་གཟེངས་རྟགས་དེ་ནི་ད་བར་༧གོང་ས་མཆོག་དང་རང་དབང་འཐབ་རྩོད་གནང་མཁན་མར་ཊིན་ལུ་ཐར་ཀིང་(Dr Martin Luther King Jr) ་དེ་བཞིན་ཨ་མ་ཊི་རེ་ས་(Mother Teresa) ་སོགས་སྙན་གྲགས་ཅན་གྱི་མི་སྣ་དུ་མ་ཞིག་ལ་ཐོབ་ཡོད་ན་ཡང་། ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་འདས་པོ་(Henry Kissinger) སོགས་ལ་ཞི་བདེའི་གཟེངས་རྟགས་ཕུལ་བར་སྐྱོན་བརྗོད་བྱེད་མཁན་དུ་མ་བྱུང་ཡོད་པ་མ་ཟད། ཕྱི་ལོ་༡༨༤༨ ལོ་བདག་ཉིད་ཆེན་པོ་གྷན་དྷི་མ་གྲོངས་གོང་ཁོང་ལ་ཞི་བདེའི་གཟེངས་རྟགས་འབུལ་མ་ཐུབ་པ་ནི་ནོར་འཁྲུལ་ཞིག་ལ་ངོས་འཛིན་བྱེད་མཁན་ཡང་དུ་མ་ཞིག་བྱུང་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།