༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་དགེ་འདུན་པའི་གླེང་སྟེགས་ཐེངས་དང་པོའི་ཐོག་བཀའ་སློབ་བཀའ་དྲིན་བསྩལ།

ཕྱི་ཟླ་ ༡༢ ཚེས་ ༢༠ ཉིན་གྱི་སྔ་དྲོར་གནས་མཆོག་རྡོ་རྗེ་གདན་གྱི་རྒྱལ་སྤྱིའི་ཚོགས་འདུའི་ལྟེ་གནས་ཁང་དུ་དགའ་ལྡན་ཕོ་བྲང་ཡིག་ཚང་དང་། རྒྱལ་སྤྱིའི་ནང་པའི་མཐུན་ཚོགས། དགའ་ལྡན་ཕོ་བྲང་གི་ལྷོ་ཤར་ཨེ་ཤེ་ཡའི་འབྲེལ་མཐུད་ལས་ཁུངས་སོགས་ནས་ཉིན་གསུམ་རིང་རྒྱལ་སྤྱིའི་དགེ་འདུན་པའི་གླེང་སྟེགས་ཐེངས་དང་པོ་ཞེས་པ་གོ་སྒྲིག་ཞུས་འདུག་པ་དང་། གླེང་སྟེགས་ཀྱི་དབུ་འབྱེད་མཛད་སྒོའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་མཛད་དེ་བཀའ་སློབ་བཀའ་དྲིན་བསྩལ་ཡོད་འདུག
ཐེངས་འདིའི་ཉིན་གསུམ་གྱི་གླེང་སྟེགས་ཐོག་ལྷོ་ཤར་དང་ལྷོ་ཨེ་ཤེ་ཡའི་རྒྱལ་ཁབ་རྒྱ་གར། ཐའེ་ལེན་ཌི། འབར་མ། ཀམབྷོ་ཌི་ཡ། ལཱའོ་སི། སིངྒ་ལ། བྷང་གྷལ། ཨིན་ཌོ་ཎེ་ཤིཡ་བཅས་དང་། ལེགས་སྦྱར་གྱི་ཆོས་བརྒྱུད་འཛིན་པའི་ཡུལ་བོད། འབྲུག བལ་ཡུལ། ཝེ་དུ་ནམ། ཐའེ་ཝན། ཉི་ཧོང་། ཀོ་རི་ཡ། ཨུ་རུ་སུ། སོག་པོ་སོགས་རྒྱལ་ཁབ་ ༣༣ ནས་པཱ་ལི་དང་ལེགས་སྦྱར་ཆོས་བརྒྱུད་གཉིས་ཀྱི་བླ་སྤྲུལ་མཁན་པོ་དང་། མཁས་དབང་དྲུག་ཅུ་ཐམ་པ། ཉམས་ཞིབ་པ་སོགས་ཚོགས་བཅར་བ་ ༢༠༠༠ ལྷག་མཉམ་བཞུགས་གནང་ཡོད་འདུག
སྐབས་དེར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། ཕུན་ཚོགས་དགེ་ལེགས་བྱེ་བས་བསྐྲུན་པའི་སྐུ།། མཐའ་ཡས་འགྲོ་བའི་རེ་བ་སྐོང་བའི་སྐུ།། མ་ལུས་ཤེས་བྱ་ཇི་བཞིན་གཟིགས་པའི་སྐུ།། རྒྱལ་བ་ཐམས་ཅད་མཁྱེན་པར་མགོས་ཕྱག་འཚལ།། ཞེས་མཆོད་བརྗོད་དང་འབྲེལ་བཀའ་སློབ་སྩལ་དོན། དེ་རིང་གནས་ཁྱད་པར་ཅན་འདི་འདྲ་ཞིག་ཏུ། དུས་སྙིགས་མ་ཆགས་ཡོད་ཀྱང་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་མུ་མཐུད་ནས་གཟི་བརྗོད་འཕྲོ་བཞིན་པ་ཞིག་རེད། དེ་བཅོམ་ལྡན་འདས་ཀྱིས། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང༌།། འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ།། ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཏེ།། ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར།། ཞེས་བདེན་བཞིའི་སྒོ་ནས་གསུངས་པ་ལྟར། བདེ་སྡུག་ནི་རང་གི་རྒྱུ་ཕྱིན་ཅི་མ་ལོག་པ་ཞིག་སྒྲུབ་རྒྱུ་མ་བྱུང་བར་གཙོ་བོ་མ་རིག་པའི་གཞན་དབང་དུ་བཏང་ནས་འཕྲལ་སེལ་གྱི་འདོད་པ་ཆེན་པ་བྱས་པ་དང་། ཆགས་སྡང་གི་བློ་སྐྱེས་པ་སོགས་ལས་ཡོང་གི་ཡོད། སེམས་ཅན་ལ་ལས་ངན་ཡོང་བ་དེ་བཅོམ་ལྡན་འདས་ཀྱིས་ཆུས་བཀྲུས་ནས་དག་རྒྱུ་མེད་པར་སོ་སོ་རང་ཉིད་ཀྱིས་བསམ་བློ་ཡག་པོ་གཏོང་དགོས་ཞེས་པ་ནི་ཚན་རིག་དང་མཐུན་པ་དང་། དངོས་ཡོད་གནས་ཚུལ་རེད། དེར་བརྟེན། ང་ཚོ་ཚང་མས་ཆོས་ལ་དད་པ་ཡོད་ན་རེད། མེད་ནའང་རེད། གང་ལྟར། སྡིག་པ་ཅི་ཡང་མི་བྱ་ཞིང༌།། དགེ་བ་ཕུན་སུམ་ཚོགས་པར་སྤྱད།། རང་གི་སེམས་ནི་ཡོངས་སུ་འདུལ།། འདི་ནི་སངས་རྒྱས་བསྟན་པ་ཡིན།། གསུངས་པ་དེ་རེད། ཅེས་དང་།
ཆོས་ཁས་ལེན་མིན་གང་ལྟར་ཡང་སོ་སོའི་ངོས་ནས་སྡིག་པའི་ལས་དང་། སྡིག་པའི་ལས་ཞེས་པ་ནི་འཕྲལ་དུ་ཡིད་ཚིམས་པ་ལྟ་བུ་ཡོང་གི་ཡོད་ནའང་། མཐར་ཐུག་རང་ཉིད་རང་གིས་ཕོང་བར་བྱེད་པ་ཞིག་ཆགས་ཀྱི་ཡོད། དེ་ལྟ་བུའི་སྡིག་པའི་ལས་མི་བྱེད་པ་དང་། ག་ཚོད་ཐུབ་ཐུབ་ཀྱིས་དགེ་བའི་ལས་བྱེད་དགོས། དགེ་བའི་ལས་ཞེས་པ་ནི་མཐོང་ཆོས་ཀྱི་སེམས་པ་བཟང་པོའི་ཐོག་ནས་གཞན་ལ་ཕན་སེམས་དང་ཕན་བདེ་སྒྲུབ་པ། གཞན་གྱི་སྡུག་བསྔལ་སེལ་བ་བཅས་གཙོ་བོ་རེད། བཅོམ་ལྡན་འདས་ཀྱི་ཆོས་ཀྱི་སྙིང་པོ་ནི་གཞན་ལ་ཕན་བདེ་སྒྲུབ་རྒྱུ་དང་། གནོད་པ་མི་བྱེད་རྒྱུ་དེ་རེད། ཆོས་ཁས་བླངས་ན་རེད། མ་བླངས་ནའང་རེད། ང་ཚོ་ཚང་མས་གཞན་ལ་གནོད་པ་མ་བྱས་པར་ག་ཚོད་ཐུབ་ཐུབ་ཀྱིས་ཕན་འདོགས་རྒྱུ་བྱུང་ན། སོ་སོའང་སེམས་སྐྱིད་པོ་ཡོད། ཆགས་སྡང་གི་ལས་མ་བསགས་པར་བསྡད་ན་སེམས་ཀྱི་ཞི་བདེ་རང་བཞིན་གྱིས་ཡོང་བ་ཞིག་རེད། སེམས་ཀྱི་ཞི་བདེ་ཡིས་ལུས་ཀྱི་འཕྲོད་བསྟེན་ལ་ཕན་གྱི་ཡོད། ང་ཚོས་ནམ་རྒྱུན་ཚེ་སྒྲུབ་དང་ཚེ་སྒྲུབ་ཅེས་བཤད་ཀྱི་ཡོད་ཀྱང་། སེམས་ཀྱི་ཞི་བདེ་ཡག་པོ་བྱུང་ན་དེ་ལས་ལྷག་པའི་ཚེ་སྒྲུབ་མེད། སེམས་ཁོང་ཁྲོའི་གཞན་དབང་དུ་བཏང་། འདོད་ཆགས་ཀྱི་གཞན་དབང་དུ་བཏང་བ་ཡིན་ན་ཁ་འདོན་དགེ་སྦྱོར་ཅི་ཙམ་བྱས་ཀྱང་དེ་ཙམ་གྱིས་ནུས་པ་ཐོན་རྒྱུ་ཁག་པོ་རེད། གཙོ་བོ་སེམས་རྒྱུད་དུལ་བར་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྡིག་པ་ཆུས་འཁྲུ་རྒྱུ་དང་། དགེ་བ་གསོལ་རས་གནང་རྒྱུ་ལྟ་བུ་ཡོད་པ་མ་རེད། སོ་སོ་རང་གིས་བཅོམ་ལྡན་གྱིས་སྡིག་སྤོང་དགེ་སྒྲུབ་ཀྱི་ལམ་སྟོན་གནང་བ་དེ་ཐོག་མར་ཤེས་པར་བྱ་བ་དང་། བར་དུ་དེ་ལ་ཡང་ནས་ཡང་ཏུ་བས་བློ་བཏང་ནས་ལུང་ལས་གསུངས་པ་རེད་ཅེས་ལུང་ལ་སྐྱབས་སུ་མཆི་བ་གཅིག་པུ་མ་ཡིན་པར། ལུང་ལས་གསུངས་པ་ལ་རིགས་པས་དཔྱད་ན་སོ་སོའི་ཉམས་མྱོང་གི་ཐོག་ལ་སྐོར་རྒྱུ་ཡོད་པ་རེད་ལ། འཛམ་གླིང་སྤྱི་ཡོངས་ནས་གཞན་ལ་གནོད་པ་བྱས་ན་རང་གཞན་ཚང་མ་ཕོང་སྡོད་པ་མཐོང་ཆོས་ལ་ཡོད་པ་དེ་ལྟར་རེད། དེར་བརྟེན། བཅོམ་ལྡན་འདས་ཀྱིས་རྒྱུ་དང་འབྲས་བུ་ཞེས་གསུངས་པ་ཧ་ཅང་གལ་ཆེན་པོ་རེད། རང་ཉིད་ཀྱིས་སྡུག་བསྔལ་གྱི་རྒྱུ་བསགས་རྗེས་སྡུག་བསྔལ་ཡོང་དུས་ཁོང་ཁྲོ་བྱེད་པ་དང་། གཞན་ལ་ཁག་དཀྲི་བྱེད་པ་སོགས་ཡོང་གི་ཡོད། གལ་ཆེ་ཤོས་སོ་སོའི་སེམས་རྒྱུད་ཞི་བདེ་ཡོང་བ་ཞིག་དགོས། དེ་ནི་རླབས་ཆེ་ས་ནས་བཤད་ན། རང་གཞན་དོན་ནི་རབ་བསྒྲུབ་ཕྱིར།། བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི།། ཞེས་པ་དེ་རེད། དངོས་གནས་རང་དོན་སྒྲུབ་པ་ལ་བྱང་ཆུབ་ཀྱི་སེམས་སྒོམ་རྒྱུ་ལས་ལྷག་མེད། གཞན་དོན་སྒྲུབ་པ་ལའང་བྱང་ཆུབ་ཀྱི་སེམས་སྒོམ་པ་ལས་ལྷག་ཅིག་ཡོད་པ་མ་རེད། བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས།། སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར།། ཞེས་ཟེར་སྐབས་ཧ་ཅང་ཤུགས་ཆེན་པོ་འདུག སེམས་ཅན་གྱི་ནང་དུ་སྡུག་བསྔལ་མི་འདོད་པ་དང་། བདེ་བ་འདོད་པ་སྒོ་ཀུན་ནས་མཚུངས་པ་ཞིག་ལ་འདིའི་སྡུག་བསྔལ་ལ་དེ་ཙམ་གྱིས་དོ་སྣང་མ་བྱས་པར་རང་ཕྱོགས་དང་གཞན་ཕྱོགས་ཟེར་བ་སླེབས་ཀྱི་ཡོད། དེར་བརྟེན། རང་གཞན་དོན་ནི་རབ་བསྒྲུབ་ཕྱིར།། བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི།། ཞེས་པའི་ཚིག་འདི་ཧ་ཅང་ནུས་པ་ཆེན་པོ་རེད། ཅེས་སོགས་དང་།
གཞན་ཡང་དེ་རིང་འདིར་དུས་སྐབས་ཡག་པོ་ཞིག་རེད། ངོས་ཀྱིས་ཚིག་ཁ་ཤས་ཤིག་ཞུ་འདོད་བྱུང་། དང་པོ། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ཚོ་ངུར་སྨྲིག་གྱོན་པ་ཙམ་གྱིས་མི་ཆོག་པར་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་བྱེད་རྒྱུ་གལ་ཆེན་པོ་རེད། རྟགས་ཆ་ལུགས་བརྗེ་བ་ཙམ་མ་གཏོགས་བསམ་བློ་གཏོང་སྟངས་དམིགས་བསལ་མ་བྱུང་ན་དེ་འགྲིག་གི་མི་འདུག རྟགས་ཆ་ལུགས་བརྗེས་པ་ཙམ་དུ་མ་ཟད་པའི་བསམ་བློ་ལ་འགྱུར་བ་ཡོད་པ་ཞིག་གནང་དགོས། དེ་ནས་སངས་རྒྱས་པའི་ཆོས་ཀྱི་ནང་དུ་སེམས་ཁམས་རིག་པའི་སྐོར་ཧ་ཅང་ཞིབ་ཚགས་པོ་དང་། ཁ་ཡོད་ལག་ཡོད་བྱེད་རྒྱུ་ཡོད་པ་ཕན་ཐོགས་ཆེན་པོ་འདུག དེར་བརྟེན། ཆོས་ལ་དད་པ་ཡོད་ན་རེད། མེད་ནའང་རེད། གང་ལྟར་སངས་རྒྱས་པའི་གཞུང་དང་། ལྷག་པར་བོད་ལ་ཡོད་པའི་ནང་པའི་གཞུང་དུ་སེམས་ཁམས་རིག་པའི་སྐོར་ལ་ཞིབ་ཚགས་པོའི་ཐོག་འགྲེལ་བཤད་ཡོད་པ་ལ་ཁྱེད་ཚོ་མི་སྐྱ་ཚོས་ཀྱང་དོ་སྣང་བྱས་པ་ཡིན་ན་ཕན་ཐོགས་ཡོད་པ་རེད། དེང་སང་ཚན་རིག་པའི་ནང་ནས་སེམས་ཁམས་རིག་པ་བ་ངོས་ལ་ཐུག་འཕྲད་བྱེད་མཁན་མང་པོ་ཡོང་གི་འདུག ཆོས་ཀྱི་སྐད་ཆ་དང་ནང་པ་ཡིན་མིན་གྱི་སྐད་མེད་པར་སེམས་ཁམས་རིག་པའི་སྐོར་ལ་བསམ་བློ་བཏང་ན། དེ་སེམས་ཞི་ལྷོད་ཡོང་བ་ལ་ཕན་ཐོགས་ཡོང་གི་འདུག དེ་ཆོས་ཀྱི་སྐད་ཆ་མ་རེད། གང་ལྟར་བསམ་བློ་ལྷོད་ལྷོད་ཡོང་ཐུབ་པ་ཞིག་རེད།
དེ་བཞིན་ཤེས་པ་ཕྲ་རགས་བཤད་པ་ལ་ཏོག་ཙམ་གནད་འགག་འདུག སད་དུས་ཀྱི་གནས་སྐབས་ཀྱི་ཤེས་པ་དང་། རྨི་ལམ་གྱི་གནས་སྐབས་ཀྱི་ཤེས་པ། གཉིད་མཐུག་པོའི་སྐབས་ཀྱི་ཤེས་པ་སོགས་ཡོད། ངོས་ལ་རྨི་ལམ་བཟུང་ནས་ལུས་རགས་པ་དང་འབྲེལ་བ་ཡོད་པའི་རྨི་ལམ་གྱི་ལུས་ཀྱི་ཐོག་ནས་ས་ཆ་གཞན་པ་ལ་འགྲོ་སྡོད་མཁན་ངོ་ཤེས་པ་དེ་འདྲ་ཡོད། དེ་ཚོའི་གྲས་ནི་ཆོས་ཀྱི་སྐད་ཆ་མིན་པར་བསམ་བློའི་འགྲོ་སྟངས་ཅི་འདྲ་ཡིན་པ་དང་། ལྷག་དོན་ཚན་རིག་པས་དོ་སྣང་ཆེན་པོ་བྱེད་སྡོད་པ་ཞིག་རེད། དེར་བརྟེན། དེ་ཞུ་འདོད་བྱུང་སོང་། ང་ཚོ་ཆོས་བྱེད་མཁན་ཟེར་དུས་ཞབས་བརྟན་བྱེད་སྡོད་པ་གཅིག་པུ་མ་ཡིན་པར་ཤེས་ཡོན་གྱི་ཐོག་ནས་ཤེས་པ་ཕྲ་རགས་དབྱེ་བ་བྱེད་པ་དང་། དེ་བཞིན་གོང་དུ་ཞུས་པ་ལྟར། རྨི་ལམ་གྱི་ལུས་བཟུང་ནས་ལུང་པ་གཞན་པར་སླེབས་ནས། དེར་ག་རེ་བྱུང་བ་ཆ་ཚང་བཤད་རྒྱུ་ཡོད་པ་དེ་འདྲ་ཡོང་གི་འདུག དེ་ཚོའི་གྲས་ལུས་ལས་ལོགས་སུ་ཤེས་པ་ཡོད་པ་དང་། དེ་ལ་ནང་གསེས་ཀྱི་ཕྲ་རགས་ཡོད་པའི་གྲས་ཤེས་ཡོན་གྱི་འདུ་ཤེས་ཐོག་ནས་དང་། ཚན་རིག་གི་ཐོག་ནས་ཡིན་ནའང་རེད། དོ་སྣང་བྱེད་མཁན་ཡོང་གི་འདུག་ལ་ཡག་པོའང་འདུག བོད་ལ་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་བ་ཞིག་ཡོད་པས་སེམས་ཁམས་རིག་པའི་སྐོར་ཧ་ཅང་ཞིབ་ཚགས་པོ་ཞིག་དང་། ཤེས་པ་ཕྲ་རགས་ཀྱི་སྐད་ཆ་བཤད་རྒྱུ་ཡོད་པ་ཡིན་པས་དེ་ཡང་ཕན་ཐོགས་ཡོང་གི་འདུག འདི་ངོས་ཀྱིས་ཞོར་འཕྲོས་བྱས་ཏེ་ཞུ་འདོད་བྱུང་སོང་། བཀྲ་ཤིས་བདེ་ལེགས། ཞེས་བཀའ་སློབ་བཀའ་དྲིན་བསྩལ་ཡོད་འདུག
གསར་འགོད་པ། བསྟན་འཛིན་ལམ་བཟང་།