གཟེངས་རྟགས་འགྲེམ་སྟོན་ཁང་མིན་པར་ཡིག་ཚགས་ཁང་ཡིན་པར་ཟམ་གདོང་རིན་པོ་ཆེས་གསུངས་སོང་།


ཕྱི་ཟླ་༡༢ ཚེས་༡༠ ཉིན་ཏཱ་ལའི་བླ་མའི་དགེ་རྩའི་གོ་སྒྲིག་འོག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་ནས་ལོ་༣༤ འཁོར་བའི་དུས་ཆེན་དང་བསྟུན། ༧གོང་ས་ཏཱ་ལའི་བླ་མ་དཔེ་མཛོད་དང་ཡིག་ཚགས་ཁང་གི་གཟེངས་རྟགས་སྒྲིག་གཤོམ་ཁང་སྐབས་དུས་སོ་སོར་མཇལ་ཁའི་གོ་སྐབས་བསྐྲུན་རྒྱུའི་ལས་གཞི་དབུ་འབྱེད་ཅི་མཛད་སྒོ་ཞིག་འཚོགས་གནང་སོང་།
མཛད་སྒོའི་ཐོག་དགའ་ལྡན་ཕོ་བྲང་གི་ཚོགས་གཙོའི་ལས་ཚབ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་དང་སྐུ་མགྲོན་གཙོ་བོ་ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་སུ་རྡིར་ཤར་མཱ། གཞན་ཡང་གླིང་རིན་པོ་ཆེ་དང་ཚོགས་གཙོ་སྦྲེལ་པོ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གིས་གཙོས་པའི་མཛད་གཙོ་རྣམ་པ་དང་སྤྱི་འཐུས་དང་དགོན་སྡེ་ཁག་གི་སྐུ་ཚབ། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་གཞུང་ཞབས་ཁག་ཅིག་སོགས་མཉམ་ཞུགས་གནང་འདུག
སྐབས་དེར་༧གོང་ས་ཏཱ་ལའི་བླ་མ་དཔེ་མཛོད་དང་ཡིག་ཚགས་ཁང་གི་འགན་འཛིན་འཇམ་དཔལ་ལྷུན་གྲུབ་ཀྱིས་དཔེ་མཛོད་དང་ཡིག་ཚགས་ཁང་དེའི་ངོ་སྤྲོད་གནང་སྐབས། ༧གོང་ས་བཅུ་བཞི་པ་མཆོག་གི་གསུང་ཆོས་དང་བཀའ་སློབ། བཀའ་རྩོམ། གསུང་འཕྲིན། བཀའ་ཡིག དེ་བཞིན་སྐུ་པར་དང་གཟེངས་རྟགས་སོགས་ཉར་ཚགས་དང་བདག་གཅེས་སྲུང་སྐྱོབ་སླད་ཆེད་དུ་འཆར་འགོད་འཛུགས་སྐྲུན་བྱས་པ་དང་། འདི་ནི་ཞིབ་འཇུག་པ་དང་དོན་གཉེར་ཅན་རྣམས་ལ་མགོན་པོ་གང་གི་མཛད་འཕྲིན་སྐོར་མཁོ་སྤྲོད་གནང་ས་དང་། མི་རབས་རྗེས་མ་རྣམས་ཀྱིས་སློབ་གཉེར་བྱ་ཆོག་པའི་ལྟེ་གནས་ཁང་ཞིག་ཡིན་པ་མ་ཟད། ལྷག་པར་དུ་མགོན་པོ་གང་གིས་ང་ཚོ་དང་མ་འོངས་པའི་མི་རབས་རྣམས་ལ་གནང་བའི་རྩ་ཆེ་བའི་ཐབས་དང་ཤེས་རབ་ཀྱི་མཛད་རྗེས་ཡོངས་རྫོགས་དེང་དུས་ཚན་རིག་དང་མཐུན་པའི་ལམ་ནས་ཉར་ཚགས་དང་སྲུང་སྐྱོབ་ཁྱབ་སྤེལ་བཅས་བྱེད་སའི་ཡིག་མཛོད་གཅིག་ཡིན་པར་བརྗོད་སོང་།

ཁོང་གིས་མུ་མཐུད་བརྗོད་དོན། དཔེ་མཛོད་དང་ཡིག་ཚགས་ཁང་འདི་དགའ་ལྡན་ཕོ་བྲང་གི་ཏཱ་ལའི་བླ་མ་དགེ་རྩས་མགོན་པོ་མཆོག་གི་འདས་མ་ད་གསུམ་གྱི་མཛད་འཕྲིན་ཟབ་རྒྱས་ཁག་མུ་མཐུད་བདག་གཉེར་ཁྱབ་སྤེལ་ཐུབ་སླད་ལྟེ་གནས་ཁང་ཞིག་ངེས་པར་དུ་དགོས་ངེས་ཆེ་བར་གཞིགས་ཏེ། ཕྱི་ལོ་༢༠༡༧ ལོར་འཆར་འགོད་འཛུགས་སྐྲུན་བྱེད་འགོ་བཙུགས་ཤིང་།ཕྱི་ལོ་༢༠༢༢ ལོར་ཡོངས་སུ་ལེགས་གྲུབ་ཀྱིས་ལོ་དེའི་ཕྱི་ཟླ་༧ པའི་ཚེས་༦ སྐུའི་འཁྲུངས་སྐར་ཉིན་མགོན་པོ་གང་ཉིད་སྐུ་དངོས་དཔེ་མཛོད་དང་ཡིག་ཚགས་ཁང་དུ་ཆིབས་བསྒྱུར་བསྐྱངས་ཏེ་དབུ་འབྱེད་བཀའ་དྲིན་བསྩལ་བ་ཞིག་ཆགས་ཡོད་པས། འདི་ནི་གང་ཉིད་ཀྱི་མཛད་འཕྲིན་བདག་ཉར་དང་ངོ་སྤྲོད་ཁྱབ་སྤེལ་གྱི་གོམ་སྟབས་གལ་ཆེན་ཤིག་ཡིན། ལས་གཞི་འདི་མགོན་པོ་མཆོག་གི་མཛད་རྗེས་ལ་གུས་བརྩི་དང་ཆེ་བསྟོད་ཀྱི་མཚོན་རྟགས་ཤིག་ཡིན་པ་མ་ཟད། གང་གི་མཛད་འཕྲིན་ཡུན་ནས་ཡུན་དུ་བརྟན་སླད་མཉམ་རུབ་ཀྱི་འབད་བརྩོན་ལས་བྱུང་བའི་མིག་མཐོང་ལག་ཟིན་ལས་བྱུང་བའི་གྲུབ་འབྲས་ཤིག་བརྩི་ཆོག་པ་དང་། དཔེ་མཛོད་དང་ཡིག་ཚགས་ཁང་དུ་ལས་དོན་གྱི་ངོ་བོར་གཞིགས་ཏེ་༧གོང་ས་མཆོག་གི་གསུང་འབུམ་ཕྱོགས་སྒྲིག་གི་སྡེ་ཚན། བཀའ་རྩོམ་ཡིག་སྒྱུར་སྡེ་ཚན། སྒྲ་བརྙན་སྡེ་ཚན། ཉམས་ཞིབ་སྡེ་ཚན། ཡིག་ཚགས་སྡེ་ཚན། དཔེ་མཛོད་གཟེངས་རྟགས་སྒྲིག་གཤོམ་ཁག་བཅས། སྡེ་ཚན་བརྒྱད་ལས་གྲུབ་པ་ཞིག་ཆགས་ཡོད་པ་བརྗོད་སོང་།

དེ་བཞིན་སློབ་དཔོན་ཟམ་གདོང་རིན་པོ་ཆེས་ཁང་པ་འདིའི་མཚན་ལ་༧གོང་ས་ཏཱ་ལའི་བླ་མའི་དཔེ་མཛོད་དང་ཡིག་ཚགས་ཞེས་ཁྱེད་རང་ཚོའི་མདུན་ལ་ཡོད་པ་ནང་བཞིན་རེད། འདིའི་དབུ་འབྱེད་མཛད་སྒོའི་སྐབས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཞབས་སོར་འཁོད་དེ་དབུ་འབྱེད་ཀྱི་མཛད་སྒོ་གནང་ཟིན་པ་རེད། བར་ལམ་ཞིག་ནས་འདིའི་གནས་ཚུལ་གསལ་པོ་ཞིག་མང་ཚོགས་དཀྱིལ་ནས་མ་ཤེས་ནས། མང་པོ་ཞིག་གིས་འགྲེམ་སྟོན་ཁང་པ་འདྲ་བོ་ཞིག་ཡིན་པ་ལ་དགོངས་པ་བཞེས་མཁན་དེ་འདྲ་ཡོད་ས་རེད། འདི་འགྲེམ་སྟོན་ཁང་པ་མ་རེད། ཐོག་མར་ནས་འགྲེམ་སྟོན་ཁང་པ་བཟོ་མི་དགོས་ཡ་དེ་༧སྐྱབས་མགོན་རིན་པོ་ཆེ་རང་གི་དགོངས་གཞི་རེད། ཡིན་ཡང་བྱ་དགའ་དང་འབུལ་ཚན་དེ་དག་ཡིག་ཚགས་ཀྱི་བརྒྱུད་ནས་འབྱུང་འགྱུར་མི་རབས་ཚོའི་ཆེད་དུ་བདག་ཉར་བྱེད་དགོས་ཡ་དེ་གལ་ཆེན་པོ་ཡིན་པས། འདི་དཔེ་མཛོད་དང་ཡིག་ཚགས་ཁང་གི་ངོ་བོ་ལ་གོང་རིམ་ལྟར་བཞུགས་ཡུལ་འདྲ་ཞིག་རེད། འགྲེམ་སྟོན་ཁང་མིན་པས་མང་ཚོགས་ལ་སྒོ་ཕྱེ་དགོས་པའི་ལས་འགན་དེ་ཡོད་མ་རེད། ཕྱོགས་གཅིག་ནས་ལྟད་མོ་ལྟ་ས་འདྲ་བོ་མ་ཡིན་པར་བྱས་ནས་༧གོང་ས་མཆོག་གི་མཛད་རྗེས་ལ་དད་འདུན་གྱི་སྒོ་ནས་མཇལ་ཁ་ཞུ་མཁན་མང་པོ་ཞིག་ཡོང་གི་ཡོད་པ་དང་། དེར་བརྟེན་མང་ཚོགས་ལ་མཇལ་ཁ་ཞུ་རྒྱུའི་གོ་སྐབས་ཤིག་མེད་པ་ཡིན་ན་ཏོག་ཙམ་མ་འོས་པ་འདྲ་ཞིག་འདུག་དྲན་ནས། མཇལ་ཁ་གཏོང་རྒྱུའི་ལས་རིམ་གྱི་འགོ་དེ་རིང་ཚུགས་པ་རེད།

ཡིན་ཡང་འདི་འགྲེམ་སྟོན་ཁང་མིན་པས་སྒྲིག་འཛུགས་ཀྱི་ངོས་ནས་དུས་ཚོད་ངེས་གཏན་གྱི་ཐོག་ནས་སྒོ་ཕྱེ་དགོས་པ་དེ་འདྲའི་ལས་འགན་ཡོད་མ་རེད། དུས་ཚོད་ལྕོགས་རིམ་བཞིན་ཉིན་རེར་མི་ལྔ་བཅུ་ཙམ་བརྒྱ་ཙམ་གཏོང་རྒྱུའི་ལས་རིམ་ཞིག་དེ་རིང་ནས་འགོ་བཙུགས་ཡོད་པ་རེད། མཛད་སྒོ་གཞན་པ་དེ་འདྲའི་སྐབས་སོགས་མཚམས་མཚམས་ལ་སྔོན་བརྡ་མེད་པའི་ཐོག་ངེས་མེད་དུ་སྒོ་རྒྱག་སྲིད་པ་དང་། འདི་འགྲེམ་སྟོན་ཁང་པ་མིན་པས་འཛུལ་ཞུགས་བྱེད་རྒྱུའི་ཡོན་འདྲ་བོ་མ་དགོས་པར་རིན་མེད་ཡིན་པ་དང་། སྒྲིག་འཛུགས་དང་ལས་དོན་གཞན་ལ་གནོད་སྐྱོན་མི་ཡོང་བའི་ཆེད་དུ་མིང་ཐོ་དང་གོ་རིམ་གཟབ་ནན་བྱེད་རྒྱུ་གལ་ཆེན་ཡིན་པར་གསུངས་སོང་།དེ་བཞིན་སྤྱིར་བཏང་མི་ཚོའི་ངག་ནས་འབྱར་བསྡད་ཡ་མིང་འདྲ་བོ་དེ་གཟེངས་རྟགས་འགྲེམ་སྟོན་ཁང་ཞེས་ལབ་སྡོད་ཀྱི་ཡོད་པ་དང་། འགྲེམ་སྟོན་དང་ཡིག་ཚགས་བར་རང་བཞིན་གྱི་ངོ་བོ་འདྲ་དེ་དབྱེ་བ་མ་ཆོད་པ་ཡིན་ན། ཡིག་ཚགས་ཟེར་བ་དེ་conservation preservation ཆེད་དུ་archival ཡིག་ཚགས་བྱེད་ཡ་གི་གནས་སྟངས་གཅིག་རེད། སྤྱིར་བཏང་དགའ་ལྡན་ཕོ་བྲང་གིང་ངོས་ནས་ཡིག་ཚགས་བརྒྱུད་དགོས་ཡ་དེ་སྔོན་མ་ནས་བསམ་མནོའི་ནང་ཡོད་རེད་དེ། བར་ལམ་ཞིག་ལག་ལེན་མ་ཁེལ་བར་ལུས་པ་རེད། 

ད་རིང་དངོས་གནས་དེང་སྐབས་ཀྱི་ཚན་རིག་དང་མཐུན་པའི་ཡིག་ཚགས་འགོ་བཙུགས་པ་ཡིན་པས་ཇི་སྲིད་ནམ་གནས་བར་དུ་ཕན་ཐོགས་ཡོང་གི་རེད་དྲན་གྱི་འདུག གཞུང་གི་སྡེ་ཚན་སོ་སོ་དང་གང་ཟག་སྒེར་ལ་ཡི་གེ་དང་སྐུ་པར། དེ་བཞིན་དངོས་རྫས་སོགས་༧གོང་ས་མཆོག་གི་མཛད་འཕྲིན་དང་འབྲེལ་བ་ཡིག་ཚགས་ནང་ལ་ཉར་ཡོད་པ་དེ་འདྲ་ཡིན་ན། ངོ་མ་དང་འདྲ་བཤུས་ག་རེ་ཡིན་ཡང་ཡིག་ཚགས་ཁང་དུ་གནང་ཐུབ་ན་སྤྱི་སྒེར་གཉིས་ལ་ཕན་ཐོགས་ཆེན་པོ་ཡོད་རེད་བསམ་གྱི་འདུག། འདི་རྒྱུན་རིང་པོའི་རྗེས་ལ་འགོ་བཙུགས་པ་ཡིན་པས་ཡིག་ཆ་དང་དངོས་རྫས་རུག་རུག་བཟོ་ཡ་ལ་དཀའ་ལས་ཞེ་དྲག་འཕྲད་ཀྱི་ཡོད་པ་མཐོང་གི་འདུག དེར་བརྟེན་བོད་མིའི་སྒྲིག་འཛུགས་ཀྱིས་མཚོན་པའི་སྡེ་ཚན་ཁག་ཚང་མས་མཐུན་འགྱུར་དང་རྒྱབ་སྐྱོར་གནང་ཐུབ་པ་ཡིན་ན་ཕན་ཐོགས་ཡོང་གི་རེད་བསམ་གྱི་འདུག་ཅེས་གསུངས་སོང་། 

དཔེ་མཛོད་དང་ཡིག་ཚགས་ཁང་དེ་སྒོ་འབྱེད་པའི་དུས་ཚོད་ནི་བདུན་རེའི་གཟའ་ཟླ་བ་དང་གཞུང་འབྲེལ་གུང་གསེང་ཕུད། གཞན་གཟའ་མིག་དམར་ནས་སྤེན་པ་བར་སྔ་དྲོའི་ཆུ་ཚོད་༡༠ ནས་ཕྱི་དྲོའི་ཆུ་ཚོད་༤ པ་བར་ཡིན་འདུག མཇལ་བཅར་དུ་མ་ཕེབས་སྔོན་དཔེ་མཛོད་དང་ཡིག་ཚགས་ཁང་གི་སྒོ་ཆེན་འགྲམ་དུ་ཐོ་འགོད་བྱེད་དགོས་པ་དང་། སོ་སོའི་ངོས་འཛིན་ལག་ཁྱེར་ཡང་མཉམ་འཁྱེར་དགོས་པ་ཡིན་འདུག

གསར་འགོད་པ། བསྟན་འཛིན་ལམ་བཟང་།