༧གོང་ས་མཆོག་གི་ཕྱག་དེབ་གསར་པ་ཞིག་དབུ་འབྱེད་གནང་འདུག 

ཟླ་༡ པོའི་ཚེས་༢༤ ཉིན་རྒྱལ་སྤྱིའི་ནང་ཆེ་མཐོང་ལྡན་པའི་དཔེ་སྐྲུན་ཁང་(HarperCollins)ནས། ༧གོང་ས་མཆོག་དང་འགུལ་རིས་རི་མོ་བ་དང་རྩོམ་པ་པོ་སྙན་གྲགས་ཅན་(Patrick McDonnell )གཉིས་ནས་མཉམ་དུ་བྲིས་པའི་དཔེ་དེབ་སེམས་ནས་སེམས་(Heart to Heart)ཞེས་པ་དེ་དངོས་སུ་ཁྲོམ་རར་འགྲེམ་སྤེལ་གནང་འདུག 

དེའི་ཐད་༧གོང་ས་མཆོག་གི་ངོ་དེབ་སྟེང་། ངོས་རང་གིས་དཔེ་དེབ་འདིས་ང་ཚོའི་ཁོར་ཡུག་ཏུ་བྱམས་བརྩེ་དང་གཞན་ཕན་གྱི་གལ་ཆེའི་རང་བཞིན་ཐོག་མི་མང་གི་སེམས་ཁམས་དང་མིག་ཟུང་ཕྱེ་ཐུབ་པའི་རེ་བ་ཡོད། ཅེས་གསུངས་འདུག

རང་ལོ ༦༦ ཡིན་པའི་འགུལ་རིས་རི་མོ་བ་དང་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་པ་ཊིག་མེག་ཌོན་ནིལ་ (Patrick McDonnell)ནི། ཨ་རིའི་ནེའུ་ཇར་སིའི་ས་གནས་ཨེ་ལི་ཛེ་བྷེ་ཐི་ནང་འཚར་ལོངས་བྱུང་ཡོད་ཅིང་། གཞི་རིམ་གྱི་སློབ་གྲྭ་ཁག་མཐར་ཕྱིན་རྗེས། ཕྱི་ལོ་ ༡༩༧༨ ལོར་ཁོང་ཨ་རིའི་རྟོག་འཆར་རིག་པའི་སློབ་གྲྭ་(School of Visual Arts )ནས་སློབ་མཐར་ཕྱིན། ཁོང་ནི་ཨ་རིར་སྐད་གྲགས་ཡོད་པའི་འགུལ་རིས་རི་མོ་བ་དང་འཁྲབ་གཞུང་རྩོམ་པ་པོ། དེ་བཞིན་བྱིས་པའི་དཔེ་རིས་འབྲི་མཁན་གྲགས་ཅན་ཞིག་ཡིན་འདུག་ལ། ཁོང་ལ་ཨ་རིའི་དགོད་བྲོའི་འཁྲབ་གཞུང་(Comic Strip) གི་བྱ་དགའ་ཐེངས་བརྒྱད་དང་།  ཨ་རིའི་རྒྱལ་ཡོངས་ཀྱི་འགུལ་རིས་བའི་སྤྱི་ཚོགས་ཀྱི་བྱ་དགའ་(National Cartoonists Society )བཞི་གཙོས། སྔ་རྗེས་སུ་བྱ་དགའ་གྲགས་ཅན་མི་འདྲ་བ་ ༡༠ ལྷག་ཐོབ་ཡོད་པ་རེད་འདུག 

དེབ་འདིའི་ནང་དུ་འཛམ་གླིང་གི་ཁོར་ཡུག་ལ་བརྩེ་བ་བྱེད་པ་དང་རེ་བ་བཅང་བའི་གནད་དོན་ཐོག་བཀའ་མོལ་གནང་ཡོད་འདུག 

ཕྱག་དེབ་དཔྱད་ཞིབ་གནང་མཁན་བརྒྱུད་ལམ་(Publishers Weekly)ཞེས་པ་དེས། ཕྱག་དེབ་འདིའི་ནང་དུ་སྙིང་སྟོབས་སྤེལ་ཐུབ་པའི་བརྡ་ལན་གསལ་པོ་ཞིག་གནང་ཡོད་པ་དང་། བརྡ་ལན་དེ་ནི་ད་ལྟའི་ཆར་འཛམ་གླིང་གི་ཁོར་ཡུག་གནས་སྟངས་ཛ་དྲག་ཡིན་ཡང་། མི་རེ་རེར་འཛམ་གླིང་ཉེན་སྐྱོབས་བྱེད་པའི་ནུས་པ་ཡོད་ཁར་ལས་འགན་ཡང་ཡོད་པ་གསལ་པོ་བཟོས་ཡོད་པ། དེབ་འདི་ནི་རྒན་གཞོན་ཚང་མའི་མི་ཚེར་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་ཐུབ་མཁན་གྱི་ལེགས་སྐྱེས་ཞིག་རེད་འདུག་ཅེས་བྲིས་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།