༧གོང་ས་མཆོག་གིས་ཆར་ཞོད་རྐྱེན་གྱིས་མི་ཤི་སྐྱོན་ཆག་བྱུང་བར་ཐུགས་གསོ་མཛད་འདུག
ཟླ་འདིའི་ཚེས་༡༢ ཉིན་༸གོང་ས་མཆོག་གིས་ལ་དྭགས་ཞི་བའི་ཚལ་ཕོ་བྲང་ནས་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སུཁ་བིནྡར་སིངྒ་སུཀ་ཁུ་(Sukheinder Singh Sukhu) ་མཆོག་ལ་ཧི་མ་ཅལ་མངའ་སྡེའི་ནང་ཉེ་ལམ་ཆར་ཞོད་རྐྱེན་པས་མི་ཤི་སྐྱོན་ཆག་བྱུང་བར་གདུང་སེམས་མཉམ་སྐྱེའི་གསུང་འཕྲིན་ཞིག་བསྩལ་ཡོད་འདུག

གསུང་འཕྲིན་གྱི་ནང་དུ་༧གོང་ས་མཆོག་གིས། ངོས་རང་མངའ་སྡེ་འདིའི་ནང་ལོ་མང་བསྡད་ཡོད་སྟབས་མངའ་སྡེའི་མི་མང་ལ་དམིགས་བསལ་སེམས་ཐག་ཉེ་པོ་ཚོར་གྱི་འདུག རང་བྱུང་གི་གོད་ཆགས་འདི་ལ་བརྟེན་ནས་ཚོ་སྲོག་ཤོར་མཁན་རྣམས་ལ་བསྔོ་བ་སྨོན་ལམ་ཞུ་རྒྱུ་མ་ཟད། འདས་པོ་དེ་རྣམས་ཀྱི་ལྟོས་བཅས་ནང་མི་དང་ཆག་སྒོའི་གནོད་སྐྱོན་འཕོག་མཁན་ཡོངས་ལ་སེམས་གསོ་ཞུ་རྒྱུ་ཡིན་ཞེས་དང་།
མངའ་སྡེའི་གཞུང་གཙོས་པའི་ཚོགས་སྡེ་ཁག་ནས་གང་ཡོང་ཅི་ཐུབ་ཀྱིས་ངལ་སེལ་སྐྱོབས་གསོ་གནང་བཞིན་པ་ངོས་ཀྱི་ཤེས་ཀྱི་ཡོད་ལ། ངོས་ཀྱིས་ཧི་མ་ཅལ་མངའ་སྡེའི་མི་མང་ལ་གདུང་སེམས་མཉམ་སྐྱེ་མཚོན་དོན་དུ་ཏཱ་ལའི་བླ་མ་ཐེབས་རྩ་ནས་ཉེན་སྐྱོབ་དང་ངལ་སེལ་སྐྱོབས་གསོའི་ཆེད་ཞལ་འདེབས་འབུལ་རྒྱུ་ཡིན་ཞེས་བཀའ་བསྩལ་བའི་གནས་ཚུལ་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་བ་ནས་དྲངས།
གསར་འགོད་པ། བློ་བཟང་རྒྱ་མཚོ།