༧གོང་ས་མཆོག་གིས་དབུ་མའི་ལམ་ནས་གྲུབ་འབྲས་རིམ་བཞིན་འཐོན་བཞིན་ཡོད་པའི་རྣམ་པ་འདུག་ཅེས་གསུངས་འདུག

ཟླ་༥ ཚེས་༢ ཉིན་དྷ་ས་རྒྱལ་བའི་ཕོ་བྲང་དུ་༸གོང་ས་མཆོག་གིས་སྲི་ཞུའི་ལས་བྱེད་བགྲེས་ཡོལ་དུ་ཕེབས་མཁན་དང་། བཀའ་ཟུར་བཅས་ལ་མཇལ་ཁ་དང་ལེགས་སྐྱེས་རྗེས་དྲན་སླད་ཨ་ཤེ་མཇལ་དར་དང་བོད་རྗེ་སྲོང་བཙན་སྒམ་པོའི་སྐུ་བརྙན་རེ་ཕྱག་རྟགས་གསོལ་བསྩལ་དང་བཀའ་སློབ་གནང་ཡོད་འདུག

༧གོང་ས་མཆོག་གིས་“ཁྱེད་རང་ཚོ་བོད་ཀྱི་ལོ་རྒྱུས་ནང་བོད་མི་རིགས་ལ་དཀའ་ངལ་ཆེན་པོ་ཞིག་འཕྲད་ནས། བོད་མི་རིགས་ཀྱི་རིག་གཞུང་དང་བཅས་པ་ཆགས་འཇིག་གི་མཚམས་འདིར་མི་ཚེ་བསྐྱལ་ཡོད། བོད་བསྟན་སྲིད་ཀྱི་ཞབས་འདེགས་སྒྲུབ་རྒྱུ་ང་ཚོའི་མི་རབས་འདིས་གང་མཚམས་བྱས་ཡོད། ངོས་ནས་རྟག་པར་བརྗོད་ཀྱི་ཡོད། བོད་ཀྱི་བདེན་དོན་ནི་སངས་རྒྱས་ཀྱི་ཆོས་དང་འབྲེལ་བ་ཡོད་པ་ཧ་ཅང་གསལ་པོ་རེད། བོད་ཀྱི་བདེན་དོན་ལ་འཛམ་བུ་གླིང་གི་ཤེས་ཡོན་པ་མང་པོ་ཞིག་གིས་དོ་སྣང་བྱེད་ཀྱི་ཡོད། མདོར་ན་ཚན་རིག་པ་མང་པོ་ཞིག་གིས་དོ་སྣང་བྱེད་བཞིན་པ་འདི་ཆོས་རྒྱལ་གོང་མ་ཚོའི་བཀའ་དྲིན་དང་། གཙོ་བོ་མཁན་ཆེན་ཞི་བ་འཚོ་དང་སློབ་དཔོན་ཀ་མ་ལ་ཤི་ལ་ཁོང་རྣམ་པས་ང་ཚོར་དཔལ་ནཱ་ལེནྡྲའི་ཤེས་ཡོན་གཏིང་ཟབ་ཡོད་པ་དེ་བོད་པ་ཚོར་རྩིས་སྤྲོད་གནང་བ་ཞིག་ཡིན། ཞི་འཚོ་ཡབ་སྲས་རྣམས་ཀྱིས་ང་ཚོར་རྩིས་སྤྲོད་གནང་བ་དེ་ང་ཚོས་བདག་པོ་ཧ་ཅང་ཡག་པོ་བརྒྱབ་ཡོད། ང་ཚོ་བོད་མི་རིགས་ཀྱི་རིག་གཞུང་བརྗོད་སྐབས་དེང་དུས་འཛམ་གླིང་འདིའི་སྒང་ཚན་རིག་པས་ཧ་ལམ་སེམས་ཁམས་རིག་པའི་ཐོག་རེ་བ་རྒྱག་ས་ཞིག་ཆགས་ཡོད། བོད་ཀྱི་བདེན་དོན་ནི་སངས་རྒྱས་ཀྱི་བསྟན་པ་དང་འབྲེལ་བ་ཞིག་ཆགས་ཡོད། ང་རང་ཚོས་དུས་ཡུན་འདིའི་རིང་བོད་བསྟན་སྲིད་སླད་ཞབས་འདེགས་བསྒྲུབས་པ་དེ་དག་སངས་རྒྱས་ཀྱི་བསྟན་པར་ཞབས་འདེགས་བསྒྲུབས་པར་བརྟེན་ཚོགས་བསགས་ཡོད། གཉིས་ནས་བོད་གངས་ཅན་གྱི་ལྗོངས་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཞེས་ཡོངས་གྲགས་རེད།  ལོ་རྒྱུས་ཐོག་ནས་ཡིན་ནའང་ཕལ་ཆེར་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུའི་རྣམ་སྤྲུལ་འདྲ་མིན་ཐོག་ནས་བོད་ཀྱི་བསྟན་སྲིད་ཀྱི་འཕྲིན་ལས་བསྐྱངས་པ་ཧ་ཅང་གསལ་པོ་རེད། དེར་བརྟེན་ང་ཚོས་བོད་སྤྱི་པའི་དོན་དུ་སོ་སོའི་མི་ཚེ་གང་པོ་བཏང་ནས་དཀའ་ལས་བརྒྱབ་པ་དེ་སོ་སོའི་བྱིན་རླབས་ཟེར་ནའང་འདྲ་ལས་ཀྱི་འབྲེལ་བ་ཟེར་ནའང་འདྲ། གང་ལྟར་འཕགས་པ་སྤྱན་རས་གཟིགས་དང་འབྲེལ་བ་ཐུན་མོང་མ་ཡིན་པ་ཞིག་ཆགས་ཡོད།

དེ་འདྲ་ཡིན་དུས་ཚེ་རབས་ནས་ཚེ་རབས་འཕགས་པ་སྤྱན་རས་གཟིགས་ཀྱི་རྗེས་སུ་གཟུང་ཐུབ་རྒྱུ་ཕལ་ཆེར་ངས་ཐག་གཅོད་ནས་བཤད་ཐུབ་ཀྱི་རེད། གང་ལྟར་མི་ཚེ་དེ་བོད་བསྟན་སྲིད་སླད་ཧུར་ཐག་དཀའ་ལས་བརྒྱབ་པའི་ལས་ཀྱི་འབྲས་བུར་ཚེ་རབས་ནས་ཚེ་རབས་སྡོད་ཐུབ་ཀྱི་ཡོད་པ་ངོས་ཀྱིས་དྲན་གྱི་ཡོད། བོད་པ་མང་པོ་ཞིག་གིས་ངོས་རང་སྤྱན་རས་གཟིགས་ཀྱི་སྐུ་རློན་པ་རེད་ཟེར་གྱི་ཡོད་པ་དེ་གང་ཤེས། དམིགས་བསལ་བོད་ནས་ཡོང་བའི་བོད་མི་ཚོས་༸རྒྱལ་བ་རིན་པོ་ཆེ་སྤྱན་རས་གཟིགས་སྐུ་གསོན་པོ་རྩི་བཞིན་ཡོད།   ཁྲི་སྲོང་ལྡེའུ་བཙན་སྐབས་ནས་ངོས་དང་དམིགས་བསལ་འབྲེལ་བ་ཡོད་པའི་ཚོར་བ་ཤུགས་ཆེ་ཞིག་སླེབ་བཞིན་འདུག ལོ་ཞིག་མཚོ་པདྨར་བསླེབས་སྐབས་ཚོར་བ་ཧ་ཅང་ཤུགས་ཆེ་བྱུང་། སློབ་དཔོན་རིན་པོ་ཆེ་དང་ཁྲི་སྲོང་ལྡེའུ་བཙན། མཁན་ཆེན་བྷོ་དྷི་སཏྭ་བཅས་མཁན་སློབ་ཆོས་གསུམ་དང་འབྲེལ་བ་ཐུན་མོང་མིན་པ་ཞིག་ཡོད་པ་ཧ་ཅང་གསལ་པོ་རེད།  སྐབས་དེར་ངོས་རང་ཚོར་བ་ཧ་ཅང་སྐྱེས་ནས་མིག་ཆུ་ཧ་ཅང་ཤོར་བྱུང་།  དེའི་རྗེས་སུ་ཕལ་ཆེར་ཟམ་གདོང་རིན་པོ་ཆེ་དང་སྲིད་སྐྱོང་ཡོད་རེད། ཚོགས་གཙོའང་ཕལ་ཆེར་ཡོད་རེད།  དེའི་རྗེས་སུ་སྐད་ཆ་བྱུང་།  ངོས་དང་མཁན་སློབ་ཆོས་གསུམ་དབར་འབྲེལ་བ་ཧ་ཅང་ཡོད་པ་ཞིག་ཚོར་བཞིན་འདུག དེར་བརྟེན་ངོས་དང་ལྷན་ལས་ཀ་བྱེད་མཁན་ཚོའང་མཁན་སློབ་ཆོས་གསུམ་དང་འབྲེལ་བ་ཡོད་པ་ཕལ་ཆེར་ཆགས་ཡོད། དེར་བརྟེན་མི་ཚེ་གཅིག་གི་གནས་ཚུལ་མ་རེད། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ནས་མར་བྱས་ནས་ལས་ཀྱི་འབྲེལ་བ་ཡོད་པ་ཞིག་རེད། ཅེས་སྐབས་དེར་དེ་འདྲ་ཞུ་རྒྱུ་བྱུང་། དེ་རིང་འདིར་ཁྱེད་ཚོར་ཡང་དེ་ལྟར་བརྗོད་འདོད་བྱུང་། ངོས་དང་ལྷན་བོད་སྤྱི་པའི་དོན་དུ་དཀའ་ལས་བརྒྱབ་ནས་བོད་མི་རིགས་ཆགས་འཇིག་གི་དུས་ཡུན་དེའི་རིང་ལ་དཀའ་ལས་མཉམ་དུ་རྒྱག་མཁན་དེ་གང་ལྟར་མཁན་སློབ་ཆོས་གསུམ་སྐབས་ནས་འབྲེལ་བ་ཡོད་པ་གཅིག་རེད། དེ་སྔ་ནས་འབྲེལ་བ་ཡོད་པ་ཞིག་དང་མ་འོངས་པར་ཡང་ཚེ་རབས་ནས་ཚེ་རབས་འབྲེལ་བ་ཡོང་རྒྱུ་རེད། ཁྱེད་ཚོ་མང་ཆེ་བ་མ་འོངས་པའི་སྐྱེ་བ་དེའང་ཕལ་ཆེར་བོད་དུ་སྐྱེ་མདོག་ཁ་པོ་རེད།  མ་འོངས་པར་ཡང་ང་ཚོ་མཉམ་དུ་འགྲོ་གི་རེད་”ཅེས་གསུངས་འདུག

དེ་བཞིན་ཁོང་གིས་དབུ་མའི་ལམ་དང་འབྲེལ་ནས་གསུང་དོན་“བོད་ཀྱི་དོན་དག་དེ་ཕྱོགས་གཅིག་ནས་བདེན་པའི་དོན་དུ་རེད། དངོས་ཡོད་གནས་ཚུལ་ལའང་ང་ཚོས་རང་བཙན་ཟེར་ནས་ཁ་བྲལ་འགྲོ་རྒྱུའི་སྐད་ཆ་ཤོད་ཀྱི་མེད། ༡༩༧༤ ལོ་ནས་ང་ཚོས་སྔ་ཕྱི་མ་གཏོགས་རྒྱ་ནག་གཞུང་དང་འབྲེལ་བ་བྱེད་དགོས།  དེར་བརྟེན་ང་ཚོས་རང་བཙན་བཤད་པ་ཡིན་ན་རྒྱ་ནག་གཞུང་དང་འབྲེལ་བ་བྱེད་ཐུབ་རྒྱུ་མ་རེད། ཅེས་སྐད་ཆ་བྱུང་བ་རེད། སྐབས་དེར་ངོས་ཀྱིས་ང་ཚོར་དགོས་རྒྱུ་བདེ་སྐྱིད་ཡིན། ཞེས་བཤད་ནས་རིམ་བཞིན་ཁ་གསལ་དུ་ཕྱིན་ནས་དབུ་མའི་ལམ་ཞེས་ཆབ་སྲིད་ཀྱི་ཐོག་ནས་རང་བཙན་དེ་མེད་པ་བྱས་པ་རེད། རྒྱ་ནག་ཐོག་ནས་ཀྱང་བོད་ཀྱི་ཆོས་དང་རིག་གཞུང་རང་བཙན་གྱི་རྨང་གཞི་ལྟ་བུར་བརྩིས་ནས་དམ་དྲག་བྱ་རྒྱུ་དེའང་མེད་པར། ཆོས་དང་རིག་གཞུང་ཁོར་ཡུག་དང་བཅས་པར་ང་རང་ཚོས་བདག་པོ་ཡག་པོ་ཞིག་རྒྱག་ཐུབ་པ། ཆབ་སྲིད་ཀྱི་ཐོག་ནས་ང་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་དུ་བསྡད་ནས་འགྲོ་རྒྱུའི་ཐོག་བསམ་བློ་བཏང་ཡོད། རྒྱ་རིགས་ཁྲོད་གནས་ཚུལ་དེའི་སྐོར་ཡག་པོ་ཤེས་མཁན་ཚོས་རྒྱབ་སྐྱོར་ཧ་ཅང་བྱེད་བཞིན་འདུག ལོ་ཤས་གོང་ལ་རྒྱ་ཡིག་ནང་རྩོམ་ཡིག་༡༠༠༠ ཙམ་ཐོན་ཡོད། འབྲི་མཁན་རྒྱ་རིགས་རེད། རྩོམ་ཡིག་དེ་དག་ཚང་མའི་ནང་དབུ་མའི་ལམ་ལ་རྒྱབ་སྐྱོར་དང་། རྒྱ་ནག་གཞུང་གིས་བོད་ནང་འཛིན་བཞིན་པའི་སྲིད་བྱུས་ལའང་སྐྱོན་བརྗོད་བྱེད་བཞིན་འདུག དེ་འདྲ་བྱུང་བ་རེད།  དེང་སང་ཡིན་ནའང་ངོས་ཀྱི་ཉམ་མྱོང་ཐོག་ནས་བརྗོད་ན་དེ་སྔ་ཨ་རི་དང་ཨོ་གླིང་།  ཉི་ཧོང་སོགས་ནང་རྒྱ་རིགས་སློབ་མ་ཚོ་དང་ཐུག་སྐབས་ཐོག་མའི་ཆར་ཏོག་ཙམ་སྒམ་པོ་དང་ཐག་རིང་པོ་བྱས་ནས་བསྡད་པ་དང་།   དེ་ནས་ང་ཚོས་རང་བཙན་རྩོད་ཀྱི་མེད་པར་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་སྐྱོང་བྱེད་སྟངས་སྐོར་འགྲེལ་བཤད་རྒྱག་སྐབས་རང་བཞིན་གྱིས་སེམས་ལྷོད་ལྷོད་ཆགས་འགྲོ་གི་འདུག  གང་ལྟར་ང་ཚོས་སྲིད་བྱུས་འཛིན་བཞིན་པ་འདིར་གྲུབ་འབྲས་རིམ་བཞིན་འཐོན་བཞིན་ཡོད་པའི་རྣམ་པ་འདུག”ཅེས་གསུངས་འདུག

༧གོང་ས་མཆོག་གིས་མུ་མཐུད་ནས་གསུང་དོན་“མཁས་པ་མང་ཆེ་བ་མདོ་སྟོད་སྨད་གཉིས་ནས་རེད།  སྒོ་མང་མཁན་པོ་གནང་མཁན་བཀྲ་ཤིས་འཁྱིལ་ནས་ཡིན་པའི་འཇམ་དབྱངས་ཡེ་ཤེས་རེད། དཔེ་ཆ་ཧ་ཅང་ཡག་པོ་ཡོད། རྟགས་གསལ་གཏོང་སྐབས་འགྱིང་སྟབས་གཞན་དང་མི་འདྲ་བ་ཞིག་བྱེད་རྒྱུ་ཡོད། ཁོང་གིས་ངོས་ལ། བོད་ཀྱི་མཁས་པ་ཡིན་ན་ཨ་མདོ་བ་ཡིན་པའི་ཁྱབ། ཅེས་གསུངས་མྱོང་། ཁམས་པ་དང་དབུས་གཙང་གི་སྐད་ཆ་གང་ཡང་མེད། ༼ཅེས་ཞལ་ཤོབ་མཛད།༽ ཨ་མདོར་ངོམ་རྒྱུ་གཙོ་བོ་རྗེ་ཙོང་ཁ་པ་ཆེན་པོ་ཡོད། གང་ལྟར་ང་ཚོ་བོད་ཀྱི་རིག་གཞུང་འཛིན་མཁན་གཙོ་བོ་ནི་ཆོལ་ཁ་གསུམ་དབྱེ་བ་མེད་པ་ཐོག་ནས་བཀའ་འགྱུར་བསྟན་འགྱུར་གྱི་ཡི་གེ་དེའི་ཐོག་ནས་གང་ལྟར་སྐད་ཀྱི་སྒྲ་གདངས་མི་འདྲ་བ་ཡོད་ཀྱང་། བཀའ་འགྱུར་བསྟན་འགྱུར་ཡི་གེ་དེས་བོད་ཆོལ་ཁ་གསུམ་ཡོངས་རྫོགས་ལ་གཅིག་གྱུར་བྱས་ཡོད། ཆོལ་ཁ་གསུམ་ཙམ་མ་ཟད། ནུབ་ལ་དྭགས་ནས་ཤར་མོན་ཡུལ་བར་བཀའ་འགྱུར་བསྟན་འགྱུར་གྱི་ཡི་གེ་གཅིག་གྱུར་བྱས་ནས་འཛིན་བཞིན་ཡོད། དེའི་ནང་གི་བརྗོད་བྱ་དེའང་བོད་མི་རིགས་ཀྱི་ཆེ་མཐོང་ལ་རྒྱ་གོང་ནས་གོང་དུ་འཕེལ་ཐུབ་པ་ཞིག་ཡོང་གི་ཡོད། དེ་འདྲའི་བསམ་བློ་གཏོང་སྐབས་ང་ཚོ་བོད་པ་ཡིན་པའི་ངོས་ནས་སྤོབས་པ་སྐྱེ་རྒྱུ་ཞིག་འདུག ཕྱི་ལོ་ ༡༩༥༦ ལོར་རཱ་ཇེནྡྲ་པྲ་སཱད་རྒྱ་གར་གྱི་སྲིད་འཛིན་རེད། ཧ་ལས་པ་ཞིག་ཡོད། དད་མོས་སྐྱེ་དགོས་པ་ཞིག་ཡོད།  སྲིད་འཛིན་གཞོན་པ་རཱ་དཱ་ཀྲིཤཎ་མཁས་པའི་དབང་པོ་རེད། ཕྱི་ལོ་༡༩༥༦ ནས་ངོ་ཤེས་རེད།  ཕྱི་ལོ་༡༩༥༩ ལོར་ཡིན་པ་ཡོད། ཉིན་གཅིག་མཇལ་འཕྲད་སྐབས་ཁོང་གིས་རྩ་བ་ཤེས་རབ་ཀྱི་མཆོད་བརྗོད་ལེགས་སྦྱར་ཐོག་སྐྱོར་གནང་བ་རེད། གང་གིས་རྟེན་ཅིང་འབྲེལ་བར་འབྱུང༌། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཞེས་ལེགས་སྦྱར་སྐད་ནང་ཉམས་དང་ལྡན་པའི་ཐོག་ནས་གསུངས་བྱུང་། སྐབས་དེར་ལེགས་སྦྱར་སྐད་ནང་གསུངས་པ་དེར་ངོས་རང་ཡིད་སྨོན་སྐྱེས་བྱུང་། འོན་ཀྱང་ངོས་ཀྱི་བསམ་བློའི་ནང་དོན་དག་ཐོག་ཁོང་ལས་ངོས་ཀྱིས་ཡག་པ་ཤེས་རྒྱུ་རེད་དྲན་བྱུང་། ༼ཞལ་ཤོབ་མཛད།༽ ང་ཚོས་སྦྱངས་ཡོད། ལོ་ནས་ལོ་བསྟུན་འགྲེལ་བ་དང་ཡང་འགྲེལ་སོགས་སྦྱངས་ཡོད། ཚན་རིག་པ་དང་ཐུག་ནས་སེམས་ཁམས་རིག་པའི་ཐོག་ནས་བཤད་པ་ཡིན་ན་ནུབ་ཕྱོགས་པའི་སེམས་ཁམས་རིག་པ་ཧ་ཅང་ཚད་དམའ་པོ་རེད། སྒོ་ལྔའི་དབང་པོའི་ཤེས་པ་ཙམ་ལས་གང་ཡང་མེད།  ང་ཚོས་ཡིད་བློ་དང་འབྲེལ་ནས་ཞི་གནས་དང་ལྷག་མཐོང་གྲས་ཧ་ཅང་ཕྱུག་པོ་ཡོད།  ལྷག་པར་སེམས་ཁམས་རིག་པ་ཧ་ཅང་ཞིབ་ཚགས་པོ་བཤད་རྒྱུ་ཡོད། དེར་བརྟེན་ང་ཚོས་ལོ་སྟོང་ཕྲག་རིང་མཁན་ཆེན་ཞི་འཚོ་ཡབ་སྲས་ཀྱིས་ང་ཚོར་ཞེ་ས་མ་ཞུས་ན་ཐུགས་བློ་འགེལ་གནང་བ་དེར་ང་ཚོ་བོད་པས་ཀོ་ཐག་རྩ་བ་ནས་གློད་མེད། འདི་ང་ཚོ་བོད་མི་རིགས་ཀྱི་གཟི་བརྗིད་རེད་”ཅེས་སོགས་ཀྱི་བཀའ་སློབ་བསྩལ་གནང་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།