༧གོང་ས་མཆོག་གིས་བོད་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་བཞེས་ཏེ་ལོ་ངོ་༧༥ འཁོར་བའི་དུས་སྟོན།
ཕྱི་ལོ་༢༠༢༥ ཟླ་༡༡ ཚེས་༡༧ ཉིན། དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༧གོང་ས་མཆོག་གིས་བོད་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་ཡོངས་སུ་བཞེས་ཏེ་ལོ་ངོ་༧༥ འཁོར་བའི་དུས་སྟོན་དང་། དབུས་བོད་སློབ་འཛིན་སྐྱོང་ཚོགས་པའི་ཁྱབ་ཁོངས་ཀྱི་གཏན་སློབ་ཁག་བདུན་དང་། བོད་ཕྲུག་ཁྱིམ་སྡེ། མ་སུ་རིའི་བོད་ཁྱིམ། རྒྱ་གར་དང་བལ་ཡུལ་གྱི་ཉིན་སློབ་ཁག་གི་སློབ་ཟུར་བཅས་ཀྱི་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོ་གཉིས་སྟབས་གཅིག་ཏུ་སྲུང་བརྩི་ཞུས་སོང་།

མཛད་སྒོའི་སྐུ་མགྲོན་གཙོ་བོར་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེན་མོ་ལྕམ་སྐུ་ཨི་ལི་སི་ཀཱ་ ཛི་གྷོ་ཝ་(Ambassador Dr. Eliska Zigova)དང་། གཞན་ཡང་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་དང་། མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ། སྲིད་སྐྱོང་སྤེན་པ་ཚེ་རིང་། ཁྲིམས་ཞིབ་པ་ཟླ་བ་ཕུན་སྐྱིད་དང་འཕགས་པ་ཚེ་རིང་། བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་དང་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ། དེ་བཞིན་རྒྱལ་ཁབ་༡༥ ཙམ་ནས་སློབ་ཟུར་༥༠༠ ལྷག་དང་། དྷ་ས་ཁུལ་དུ་ཡོད་པའི་སེར་སྐྱ་མི་མང་དང་སློབ་ཕྲུག་སོགས་མཉམ་ཞུགས་བྱས་འདུག
སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་བཀའ་ཤག་གི་གསུང་འཕྲིན་སྒྲོགས་སྦྱང་གནང་བའི་ནང་།
ཕྱི་ལོ་༡༩༤༩ ལོར་རྒྱ་ནག་གུང་ཁྲན་གྱིས་སྲིད་དབང་བཙུགས་རྗེས། མདོ་སྟོད་སྨད་ཀྱི་ས་སྡེ་མང་པོ་བཙན་བཟུང་བྱས་པའི་ཐོག་ད་དུང་ཕྱི་ལོ་༡༩༥༠ ཟླ་༡༠ ནང་ལམ་ཁག་གསུམ་ནས་ཆབ་མདོར་བཙན་འཛུལ་གྱིས། བོད་ཀྱི་གཙོ་ཤུགས་དམག་དཔུང་ཕམ་ཉེས་ཤོར་ཏེ་བོད་ལ་དྲག་པོའི་འགོག་སྲུང་གི་ནུས་པ་མེད་པར་གྱུར་ཅིང། རྒྱལ་སྤྱིའི་སྤྱི་ཚོགས་ནས་སེམས་ཁུར་བྱེད་མཁན་མེད་པ་སོགས་ཀྱིས་བོད་ཀྱི་སྣོད་བཅུད་གཉིས་ཀ་དངོས་གནས་ཆག་འཇིག་གི་སོ་མཚམས་སུ་བསྐྱལ་ཡོད་པའི་སྐབས་དེར། དགུང་ལོ་ ༡༥ ལས་སོན་མེད་པའི་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་སྟོབས་གོ་ཆ་བཙན་པོར་བགོས་ཏེ། རྒྱ་གཞུང་ལ་མེས་འཚིག་མེེར་གཏུགས་ཀྱིས། བཙན་གནོན་འོག་ཏུ་བཞག་པའི་གྲོས་མཐུན་དོན་ཚན་བཅུ་བདུན་གྱི་རྨང་གཞིའི་སྟེང་ལོ་ངོ་བརྒྱད་ལྷག་རིང་ཆབ་འབངས་གངས་ཅན་པ་རྣམས་ཀླ་ཀློའི་དཔུང་ཚོགས་ཀྱི་གོ་མཚོན་འོག་ནས་ཚེ་སྲོག་སྐྱོབ་ཐབས་དང་། བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་གཅེས་སྐྱོང་ཡོང་བའི་ཐབས་ཤེས་ལུ་གུ་རྒྱུད་དུ་བསྟེན་གནང་ཡོད་ནའང་། རྒྱ་གཞུང་གིས་གྲོས་དོན་རྩིས་མེད་རྡོག་རོལ་གཏོང་རྐྱང་བྱས་པར་བརྟེན། བཙན་བྱོལ་དུ་མི་ཕེབས་ཀ་མེད་བྱུང་ཞེས་དང་།
རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་ལ་ཕེབས་མ་ཐག་ཏུ་གྲོས་མཐུན་དོན་ཚན་བཅུ་བདུན་རྩིས་མེད་ཀྱི་གསལ་བསྒྲགས་གནང་བ་དང་ཆབས་ཅིག བརྒྱ་ཕྲག་སྔ་མའི་ལོ་རབས་བདུན་ཅུ་ནས་བཟུང་དབུ་མའི་ལམ་གྱི་འཇུག་ངོགས་ནས་བོད་རྒྱའི་དཀའ་རྙོག་སེལ་བའི་སྲིད་ཇུས་གཏན་འབེབས་གནང་སྟེ་བོད་མིའི་སྒྲིག་འཛུགས་ནས་རྒྱུན་འཁྱོངས་ཞུ་བཞིན་པ་དང་། ༸མགོན་པོ་མཆོག་གིས་ད་བར་ཉིན་མཚན་དུས་དྲུག་ཏུ་མཛད་ཁུར་རྣམ་བཞིས་མཚོན་པའི་བྱང་ཆུབ་སེམས་དཔའ་ཆེན་པོའི་རྣམ་ཐར་བདག་གིར་བཞེས་བཞིན་པའི་བཀའ་དྲིན་ནི། དུས་མཐའི་བར་དུ་གཞལ་དཀའ་ལ། ལྕེ་བརྒྱར་སྤྲུལ་ཀྱང་བརྗོད་ཀྱིས་མི་ལང་ཞེས་འཁོད་འདུག
དེ་བཞིན་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་སྒྲོགས་སྦྱང་གནང་བའི་ནང་། ༧གོང་ས་མཆོག་གིས་བོད་ཀྱི་བདེན་པའི་འཐབ་རྩོད་འཚེ་མེད་ཞི་བའི་ལམ་ལ་བསྟེན་པ་དང་། འཛམ་གླིང་ཡུལ་གྲུ་གང་སར་བྱམས་བརྩེའི་ལམ་སྟོན་གནང་ཞིང་། ཞི་བདེའི་སྣེ་འཁྲིད་མཛད་པ་སོགས་ལ་བརྟེན། མིང་དོན་མཚུངས་པའི་བྱམས་བརྩེའི་བདག་ཉིད་དང་། འཛམ་གླིང་ཞི་བདེའི་དེད་དཔོན་གྱི་མཚན་སྙན་ཡོངས་གྲགས་སུ་ཐོབ་པ་བྱུང་ཞིང་། ཕྱི་ལོ་༡༩༨༩ ལོར་འཛམ་གླིང་ཐོག་ཆེས་སྙན་གྲགས་ཆེ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་སོགས་ཁྱོན་གཟེངས་རྟགས་དང་ཆེ་བསྟོད་སྟོང་ཕྲག་ལ་ཉེ་བར་འབུལ་བཞེས་མཛད་ཡོད་ཅིང་། མགོན་པོ་གང་ཉིད་ཀྱི་ཐུགས་བསྐྱེད་དམ་བཅའ་བཞིའི་མཛད་པར་འཛམ་གྱིང་ཡུལ་གྲུ་གང་ས་ནས་དགའ་མོས་དང་ལག་བསྟར་ཞུ་བཞིན་ཡོད་པ་སོགས་ནི་ཆེས་བླ་ན་མེད་པའི་རླབས་ཆེན་གྱི་མཛད་འཕྲིན་ཞིག་ཏུ་གྱུར་ཅིང་། བོད་གངས་ཅན་ལྗོངས་ཀྱི་ཆོས་ལུགས་ཆོལ་གསུམ་དང་བཅས་པའི་བོད་མི་རྩམ་ཟན་པ་ཡོངས་རྫོགས་རྡོག་རྩ་གཅིག་ཏུ་སྒྲིལ་ཐུབ་ནས་བོད་ཀྱི་གནད་དོན་འཛམ་གླིང་གང་སར་ཁྱབ་ཐུབ་པ་སོགས་ནི་༧གོང་ས་མཆོག་གི་མཛད་འཕྲིན་དང་ཐུགས་རྗེ་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་ཞིག་ཆགས་ཡོད་པས་དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་མགོན་པོ་མཆོག་ལ་བཀའ་དྲིན་བླ་མེད་དུ་ཆེ་ཞེས་དང་།
རང་ཅག་བོད་མི་རྣམས་ཀྱིས་གང་ཉིད་ཀྱི་བཀའ་སློབ་ལམ་སྟོན་དང་། བཀའ་དྲིན་རྣམས་རྗེས་སུ་དྲན་ཅིང་། བོད་མི་རིགས་ཀྱི་ཆབ་སྲིད་དང་། རིག་གཞུང་རྣམས་མི་ཉམས་གོང་འཕེལ་དང་། ཉམས་པ་སོར་ཆུད་ཡོང་བའི་ལྷག་བསམ་དང་།་སྙིང་སྟོབས་གཅིག་ཏུ་བསྒྲིལ་ནས་བོད་དོན་བདེན་མཐའ་མ་གསལ་བར་དེ་སྲིད་དུ་བོད་བསྟན་སྲིད་ཀྱི་འགན་ཁུར་ཆེར་བཞེས་ཀྱིས་༧རྒྱལ་བ་དགྱེས་པའི་མཆོད་སྤྲིན་དང་། ༧རྒྱལ་བའི་སྐུ་ཚེ་བརྟན་པའི་ཞབས་བརྟན། ༧རྒྱལ་བའི་ཐུགས་དགོངས་འགྲུབ་པའི་ཞབས་འདེགས་སུ་ཡོང་བར་བྱ་དགོས་པའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན་སོགས་འཁོད་འདུག
གཞན་ཡང་མཛད་སྒོའི་སྐབས་སྐུ་མགྲོན་གཙོ་བོས་ཁྱིམ་ཚང་དང་སློབ་གྲྭ་ཞིག་ལ་ཕ་མ་དང་དགེ་རྒན་བཟང་པོ་དགོས་གལ་ཆེ་བ་བཞིན། རྒྱལ་ཁབ་ཅིག་གི་འགོ་ཁྲིད་པར་དབུ་ཁྲིད་ཡག་པོ་ཞིག་དགོས་རྒྱུ་གལ་ཆེན་ཡིན་པ། ༧གོང་ས་མཆོག་གི་བོད་ཙམ་མ་ཡིན་པ། འཛམ་གླིང་སྤྱིའི་དབུ་ཁྲིད་ཅིག་གྱུར་ཡོད་པ། ཁོང་གིས་མ་འོངས་པའི་བོད་ལ་རེ་བ་ཡོད་སོགས་ཀྱི་གསུང་བཤད་གནང་རྗེས། ཕྱི་དྲིལ་ལས་ཁུངས་ནས་འདོན་སྤེལ་ཞུས་པའི་བོད་ཀྱི་ལོ་རྒྱུས་བརྗོད་པ་དང་འབྲེལ་༧རྒྱལ་བའི་མཛད་པ་སྐོར་གླེང་བ་ཞེས་པའི་དེབ་དབུ་འབྱེད་གནང་སོང་།།
གསར་འགོད་པ། བློ་བཟང་རྒྱ་མཚོ།
