༧གོང་ས་མཆོག་གིས་རྒྱ་གར་གྱི་སྲིད་འཛིན་འཁྲུངས་སྐར་ལ་འཚམས་འཕྲིན་གནང་།
ཕྱི་ཟླ་ ༦ ཚེས་ ༢༠ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྲིད་འཛིན་དགུང་གྲངས་ ༦༦ ལ་ཕེབས་པའི་འཁྲུངས་སྐར་ལ་འཚམས་འཕྲིན་ཞིག་བསྩལ་འདུག་པ་དང་། དེའི་ནང་དུ། མགོན་པོ་གང་ཉིད་ཀྱིས་ཁོང་མོར་སྐུ་ཁམས་གསལ་ཐང་དང་བྱ་བ་ལམ་འགྲོ་ཡོང་བའི་ཐུགས་སྨོན་མཛད་ཅིང་། རྒྱ་གར་ནི་སྙིང་རྗེ་དང་འཚེ་མེད་ཀྱི་སྲོལ་རྒྱུན་ཡུན་རིང་ལ་ཕུན་སུམ་ཚོགས་པ་ཞིག་ཡིན་པ་མ་ཟད། འཛམ་གླིང་གི་མང་གཙོའི་རྒྱལ་ཁབ་ཆེ་ཤོས་དང་། འཛམ་གླིང་འདི་ཞི་བདེ་སྐྲུན་རྒྱུའི་ནུས་པ་ཆེན་པོ་ཡོད་ལ། ཁོང་གིས་རྒྱ་གར་གྱི་སྟོབས་ཤུགས་དང་འགོ་ཁྲིད་ནུས་རྩལ་ལ་ཡིད་སྨོན་གནང་གི་ཡོད་པར་འཁོད་འདུག དེ་བཞིན་བོད་མི་ཚོར་མཚོན་ན། རྒྱ་གར་ནི་སངས་རྒྱས་བསྟན་པའི་འབྱུང་ཁུངས་ལ་ངོས་འཛིན་བྱེད་པས། ང་ཚོས་རྒྱ་གར་གྱི་སྤུན་ཟླ་ཚོར་སྤུན་ཉེའི་འདུ་ཤེས་བཟུང་སྟེ་གུས་བརྩི་ཆེན་པོ་བྱེད་ཀྱི་ཡོད་པ། དེ་བཞིན་མགོན་པོ་གང་གིས་རྒྱ་གར་གྱི་སྲོལ་རྒྱུན་དུ་ཡོད་པའི་སེམས་དང་སེམས་བྱུང་གི་རྣམ་གཞག་སྐོར་གོ་རྟོགས་སྤེལ་དང་སྤེལ་མུས་ཡིན་པ་སོགས་གསུངས་འདུག
གཞན་ཡང་ཕྱི་ཟླ་༦ ཚེས་༡༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྷོ་ཨ་ཧྥི་རི་ཀའི་འདམས་ཐོན་སྲིད་འཛིན་སི་རིལ་རཱ་མ་ཕོ་ས་ལ་འཚམས་འདྲི་གནང་ཡོད་པ་དང་། འཚམས་འཕྲིན་ནང་དུ། ལྷོ་ཨ་ཧྥི་རི་ཀའི་ནང་གི་མང་གཙོའི་ལམ་ལུགས་དང་དེ་བཞིན་རིག་གཞུང་དང་། སྐད་ཡིག ཆོས་ལུགས་ཀྱི་མི་སྣ་འདྲ་མིན་ཞི་མཐུན་མཉམ་གནས་ཀྱིས་མི་གཞན་གྱི་མིག་དཔེ་ལྟ་ས་ཞིག་ཆགས་ཡོད་པར་བསྔགས་བརྗོད་དང་ ཁོང་གིས་འདམས་ཐོན་སྲིད་འཛིན་གྱིས་རྒྱལ་ཁབ་དར་རྒྱས་བྱུང་ཞིང་དམིགས་བསལ་གྱིས་མཐུན་རྐྱེན་ཞན་པའི་རིགས་ཀྱི་འཚོ་བ་ཡར་རྒྱས་གཏོང་ཐུབ་པར་རེ་བ་གནང་གི་ཡོད་པ་དང་། མ་ཟད་མགོན་པོ་གང་གིས་སྐུ་ཞབས་སི་རིལ་རཱ་མ་ཕོ་ས་ཡིས་མ་འོངས་གདོང་ལེན་གནང་དགོས་རིགས་དང་གོ་སྐབས་སོགས་དམ་འཛིན་གྱིས་ལྷོ་ལྷོ་ཨ་ཧྥི་རི་ཀའི་མི་མང་གི་མངོན་འདོད་ལེགས་གྲུབ་ཡོང་བའི་ཐུགས་སྨོན་མཛད་འདུག བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་བ་ལ་བཏུས།