༧གོང་ས་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།

པར། གཞོན་ལྷན་གྱི་ངོ་དེབ།

ཟླ་འདིའི་ཚེས་༢༨ ་ཉིན་༧གོང་ས་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་ཀང་ར་རྫོང་གི་གནམ་ཐང་དུ་ཞབས་སོར་བདེ་བར་འཁོད་པ་དང་། གནམ་ཐང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ། བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་གཙོས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་དད་ལྡན་སེར་སྐྱ་མི་མང་བརྒྱ་ཕྲག་མང་པོས་ཕེབས་བསུ་ཞུས་སོང་།

གནམ་ཐང་ནས་ཆིབས་འཁོར་ནང་བཞུགས་སྒར་ཕོ་བྲང་དུ་ཆིབས་བསྒྱུར་གནང་སྐབས་ཕེབས་ལམ་གཡས་གཡོན་དུ་སློབ་ཕྲུག་དང་དགེ་འདུན་པ། མི་མང་བརྒྱ་ཕྲག་མང་པོས་ལག་ཏུ་ཁ་བཏགས་དང་མེ་ཏོག བདུག་སྤོས་སོགས་འཛིན་བཞིན་བང་བསྒྲིགས་ཏེ་ཕེབས་བསུ་ཞུས་པ་དང་། ཕོ་བྲང་གི་རྒྱལ་སྒོར་རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་པ་རྣམས་ནས་སྤོས་སྣེས་མདུན་བསུ་དང་། ཕྱི་དྲིལ་དང་ཤེས་རིག་བཀའ་བློན་སོགས་ཀྱིས་ཕེབས་བསུ་དང་བཅས་གཟིམ་ཆུང་དུ་ཞབས་སོར་བདེ་བར་འཁོད་འདུག

ཕྱི་ཟླ་༦ ཚེས་༢༡ ཉིན་༧གོང་ས་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་སྐུ་འཁོར་བཅས་གྷ་གྷལ་གནམ་ཐང་ནས་མཁའ་ལམ་བརྒྱུད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། ཚེས་༢༢ ཉིན་སུད་སི་དང་ཚེས་༢༣ ་ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཞབས་སོར་འཁོད་ཅིང་། ཚེས་༢༨ ཉིན་མགོན་པོ་གང་ཉིད་ཀྱི་ཞབས་པུས་གཤགས་བཅོས་ལེགས་གྲུབ་བྱུང་རྗེས། ནིའུ་ཡོག་མངའ་སྡེའི་བྱང་ཕྱོགས་སའེ་ར་ཁྱུ་སི་(Syracuse) ་ས་གནས་ཀྱི་ནྰ་ཕྰི་(Nappi Farmhouse) ་གཞིས་ཀ་ལ་བདུན་ཕྲག་དྲུག་གི་རིང་སྐུ་ངལ་གསོས་གནང་ཞིང་། ཕྱི་ཟླ་༧ པའི་ཚེས་༢༩ ཉིན་བོད་མི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཇལ་ཁ་བསྩལ། ཕྱི་ཟླ་༨ ཚེས་༡༦ ཉིན་ཨ་རིའི་ནིའུ་ཡོག་མངའ་སྡེའི་ནང་ཡོད་པའི་ཨི་ཐ་ཁའི་(Ithaca) ་རྣམ་རྒྱལ་གྲྭ་ཚང་གི་ནང་ཆོས་སློབ་གཉེར་ཁང་ཞེས་པར་ཆིབས་སྒྱུར་བསྐྱངས་ཏེ་ཆོས་འབྲེལ་དང་བཀའ་སློབ་བཀའ་དྲིན་བསྩལ། དེ་བཞིན་ཟླ་༨ ཚེས་༢༠ ཉིན་གྱི་སྔ་དྲོ་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་ཆིབས་བསྒྱུར་དང་། ཚེས་༢༡ ཉིན་ཨ་རི་ནིའུ་ཡོག་གྲོང་ཁྱེར་དུ་ཨ་རིའི་གཞུང་གི་སྐུ་ཚབ་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཨ་ཛི་རཱ་ཛེ་ཡ་ (Uzra Zeya) ་དང་། ཨ་རིའི་སྲིད་འཛིན་གྱི་དམིགས་བསལ་ཕྱག་རོགས་དང་། མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འགན་འཛིན་ཀེ་ལི་ ( Kelly Razzouk) ་རྣམ་གཉིས་མཇལ་ཁ་གནང་། ཚེས་༢༢ ཉིན་བྱང་ཨ་རིར་གནས་སྡོད་བོད་མི་སྤྱི་དང་། ཨ་རིའི་ཆོ་འཕྲུལ་སྨོན་ལམ་ཚོགས་པས་གཙོས་དགེ་ལུགས་པའི་ཆོས་ཚོགས་ཁག སོག་རིགས། ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་བཅས་ཐུན་མོང་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་གྱི་(UBS Arena) ་ཞེས་པའི་ཚོགས་ར་ཆེན་མོར་དད་ལྡན་སེར་སྐྱ་༡༧༠༠༠ བརྒལ་བར་སེམས་བསྐྱེད་དང་། ཐུབ་པའི་མཚན་སྔགས། མ་ཎི་ཡིག་དྲུག་སོགས་གཟུངས་སྔགས་འགའ་ཞིག་གི་བཟླས་ལུང་བཀའ་དྲིན་སྩལ་བ་དང་། མགོན་པོ་གང་ཉིད་མཆོག་ལ་མཚོན་དོན་བརྟན་བཞུགས་བསྟར་འབུལ་ཞུས།

ཚེས་༢༣ ་ཉིན་ཨ་རི་ནས་སུད་སིར་༸ཞབས་སོར་བདེ་བར་འཁོད་པ་དང་། དེར་༧རྒྱལ་དབང་ཀརྨ་པ་དང་བླ་སློབ་ཞལ་འཛོམས་བྱུང་ཡོད། ཚེས་༢༥ ་ཉིན་སུད་སིའི་ཛུ་རིག་གྲོང་ཁྱེར་གྱི་(Hallenstadion) ་ཚོགས་ཁང་དུ་དད་ལྡན་སེར་སྐྱ་ཆིག་ཁྲི་ལྔ་སྟོང་བརྒལ་བར་འཇམ་པའི་དབྱངས་ཀྱི་གཟུངས་སྔགས་དང་། སྤྱན་རས་གཟིགས་ཀྱི་གཟུངས་སྔགས། ཐུབ་པའི་མཚན་སྔགས་བཅས་ཀྱི་བཟླས་ལུང་བཀའ་དྲིན་བསྩལ་རྗེས། སུད་སི་དང་ལེག་ཏེན་སིཊཡན་བོད་རིགས་མི་མང་གིས་མཚོན་དོན་བརྟན་བཞུགས་བསྟར་འབུལ་ཞུས་པ་སོགས་རྒྱ་ཆེ་བའི་སྐུའི་མཛད་འཕྲིན་ཁག་ལེགས་པར་གྲུབ་རྗེས་ཚེས་༢༦ ་ཉིན་རྒྱ་གར་དུ་ཆིབས་བསྒྱུར་བསྐྱངས་པ་དང་། དེ་རིང་ཚེས་༢༨ ་ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།

གསར་འགོད་པ། བློ་བཟང་རྒྱ་མཚོ།