༧གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་ཚོ་ལ་ངོ་རྒོལ་བྱས་སོང་།

ཟླ་འདིའི་ཚེས་༡༧ ཉིན་༧གོང་ས་མཆོག་ལ་མཚན་སྨད་སྐུར་འདེབས་ཞུ་མཁན་ཚོ་ལ་ངོ་རྒོལ་གྱི་ལས་འགུལ་འཛམ་གླིང་ཡུལ་གྲུ་གང་ས་ལ་སྤེལ་བཞིན་འདུག

ཟླ་འདིའི་ཚེས་༡༧ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། སྤི་ཏི་(Spiti) ཀི་ནོར་(Kinnaur) དང་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་སློབ་ཕྲུག་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འགྲམ་རླང་འཁོར་འབབ་ཚུགས་ནས་རྡ་ཤོད་ཀ་ཅཱ་རི་བར་ཉེ་ཆར་རྒྱ་གར་གཙོས་པའི་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་༧གོང་ས་མཆོག་ལ་མཚན་སྨད་སྐུར་འདེབས་ཞུ་མཁན་ཚོ་ལ་ངོ་རྒོལ་གྱི་སྐད་འབོད་དང་གོམ་འགྲོད་ཀྱི་ལས་འགུལ་ཞིག་སྤེལ་སོང་། ཐེངས་འདིའི་ལས་འགུལ་ནང་སེར་སྐྱ་མི་མང་སྟོང་ཕྲག་མང་པོ་མཉམ་ཞུགས་བྱས་འདུག

ཉེ་ཆར་གསར་འགྱུར་བརྒྱུད་ལམ་ཁག་དང་སྤྱི་ཚོགས་སུ་༧གོང་ས་མཆོག་ལ་མཚན་སྨད་སྐུར་འདེབས་ཞུ་མཁན་བྱུང་བར་བརྟེན། ཟླ་འདིའི་ཚེས་༡༣ ཉིན་རྒྱ་གར་བྱང་ཤར་མོན་རྟ་དབང་ཁུལ་དུ་དད་ལྡན་སེར་སྐྱ་མི་མང་ཕོན་ཆེན་འཛོམས་ནས་མོན་རྟ་དབང་དགོན་པའི་ཉེ་འདབས་ནས་(Buddha Park) བར་དུ་ཁྲོམ་སྐོར་གྱིས་ལས་འགུལ་ཞིག་སྤེ་ཡོད་འདུག་ལ།ཟླ་འདིའི་ཚེས་ ༡༥ ཉིན་ལ་དྭགས་ནང་པའི་ཚོགས་པ་དང་ལ་དྭགས་དགོན་ཚོགས། ལ་དྭགས་ས་གནས་གཞོན་ནུ་ལྷན་ཚོགས་དང་ས་གནས་བུད་མེད་ལྷན་ཚོགས་བཅས་ཀྱི་གོ་སྒྲིག་འོག་ས་གནས་མི་མང་བརྒྱ་ཕྲག་མང་པོ་འཛོམས་ནས་༧གོང་ས་མཆོག་ལ་མཚན་སྨད་སྐུར་འདེབས་ཞུ་མཁན་དག་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག

དེ་བཞིན་ཟླ་འདིའི་ཚེས་༡༥ སྔ་དྲོ་བཞུགས་སྒར་རྡ་རམ་ས་ལར་ཧིན་བོད་མཛའ་སྦྲེལ་ཚོགས་པས་གསར་འགོད་གསལ་བསྒྲགས་གནང་སྟེ། སྤྱི་ནོར་༧གོང་ས་མཆོག་ལ་རྒྱབ་སྐྱོར་གྱི་རྣམ་པ་གསལ་བོ་བསྟན་ཡོད།

ལྷག་པར་དུ་༧གོང་ས་མཆོག་ལ་མཚན་སྨད་སྐུར་འདེབས་ཞུས་པའི་གནས་ཚུལ་དང་འབྲེལ། དཔལ་ས་སྐྱའི་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་དང་།༧དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དང་། གཡར་དྲུང་བོན་གྱི་བསྟན་པའི་མངའ་བདག་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་མཆོག་བཅས་ཀྱིས་གསུང་འཕྲིན་ཡང་བསྩལ་ཡོད་འདུག།

གཞན་ཡང་ཟླ་འདིའི་ཚེས་༡༤ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དང་། དེ་བཞིན་མདོ་ཁམས་ཆུ་བཞི་སྒང་དྲུག་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས། མངའ་རིས་སྤྱི་མཐུན་ཚོགས་པ། ༧དཔལ་རི་བོ་དགེ་ལྡན་པའི་གདན་ས་ཆེན་པོ་གསུམ་དང་རྭ་སྟོད་གྲྭ་ཚང་བཅས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྒྲིག་འཛུགས་དུ་མས་ཀྱང་བསྒྲགས་གཏམ་སྤེལ་འདུག

གཞན་ཡང་རྒྱ་གར་གྱིི་རྒྱལ་ས་ལྡི་ལི་དང་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་དགུ་གླིང་། ལ་དྭགས་དང་སྦིར་གཞིས་ཆགས་སོགས་སུ་ལས་འགུལ་སྤེལ་ཡོད་པ་མ་ཟད། ཨ་རི་དང་ཁེ་ན་ཌ། དབྱིན་ཡུལ་དང་ཧྥ་རན་སི་བཅས་འཛམ་གླིང་ཡུལ་གྲུ་གང་ས་ལ་ཡོད་པའི་བོད་མི་ཚོས་༧གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་ཚོ་ལ་ལས་འགུལ་སྤེལ་དང་སྤེལ་བཞིན་པ་རེད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།