༧སྐྱབས་རྗེ་ཡོངས་འཛིན་ཁྲ་འགུ་རིན་པོ་ཆེ་དགོངས་པ་མྱ་ངན་ལས་འདས་འདུག

ས་ག་ཟླ་བའི་ཚེས་བཅོ་ལྔའི་ཉིན་དགུང་ལོ་༩༡ ལ་ཕེབས་པའི་༧སྐྱབས་རྗེ་ཡོངས་འཛིན་ཁྲ་འགུ་རིན་པོ་ཆེ་མཆོག་བལ་ཡུལ་སྟག་མོ་ལུས་སྦྱིན་དུ་ཡོད་པའི་གདན་ས་ཁྲ་འགུ་བཀྲ་ཤིས་ཡང་རྩེ་དགོན་དུ་དགོངས་པ་མྱ་ངན་ལས་འདས་ཡོད་འདུག
དེ་ཡང་ཁྲ་འགུ་བཀྲ་ཤིས་ཆོས་གླིང་དགོན་གྱི་གསལ་བསྒྲགས་དང་འབྲེལ་ཡོད་འགའ་ལས་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཁྲ་འགུ་རིན་པོ་ཆེ་སྤྱི་ལོ་༢༠༢༣ ལོའི་སྤྱི་ཟླ་༠༥ ཚེས་༠༥ ཉིན་ནས་སྐུ་སྙུང་པའི་ཚུལ་བསྟན་ཞིང་། སྐུ་འཁོར་རྣམ་པས་སྨན་ཁང་དུ་ཕེབས་རོགས་ཞུས་ཀྱང་། རིན་པོ་ཆེས་གསན་བཞེས་མ་མཛད་པས་མཐར་སྐུ་འཁོར་ཚོས་ནན་ཞུས་ཀྱིས་སྨན་ཁང་དུ་གདན་དྲངས་ཤིང་། ཁྱད་པར་དུ༧རྒྱལ་དབང་ཀརྨ་པ་མཆོག་གིས་ཞབས་བརྟན་གསོལ་འདེབས་ལྗགས་རྩོམ་མཛད་ཅིང་། བོད་གཞིས་བྱེས་གཉིས་སུ་ཡོད་པའི་འགྲོ་མགོན་བཀའ་བརྒྱུད་པའི་དགོན་སྡེ་ཁག་ལ་ཁོང་སྐུ་ཚེ་བརྟན་པའི་ཞབས་རིམ་སྣ་ཚོགས་བསྒྲུབ་དགོས་པའི་བཀའ་ཕེབས་པ་ལྟར། བཀའ་བརྒྱུད་པའི་དགོན་སྡེ་ཁག་དང་དད་ལྡན་སློབ་མ་མང་པོས་དེ་ལྟར་བསྒྲུབས་ཡོད་འདུག ལྷག་པར་དུ་བྱམས་མགོན་སི་ཏུ་རིན་པོ་ཆེ་དང་དྲུང་གཽ་ཤྲཱིར་རྒྱལ་ཚབ་རིན་པོ་དེ་བཞིན་ཟུར་མང་གར་དབང་རིན་པོ་ཆེ་སོགས་སྨན་ཁང་ལ་ཆེད་ཕེབས་མཛད་ནས་ཚེ་དབང་ཚེ་འགུགས་དང་སྐུ་གསུང་ཐུགས་རྟེན་ཕུལ་ཏེ་སྐུ་ཚེ་བརྟན་པའི་ཐུགས་སྨོན་རྒྱ་མི་ཆུང་བ་གནང་ཡོད་འདུག་ཀྱང་། སྐྱབས་རྗེ་རིན་པོ་ཆེའི་སྙུང་གཞི་དྲག་སྐྱེད་མ་བྱུང་བས་སྨན་ཁང་ནས་ཕྱིར་ཁྲ་འགུ་བཀྲ་ཤིས་ཡང་རྩེ་དགོན་དུ་གདན་དྲངས་ཡོད་འདུག ས་ག་ཟླ་བའི་ཚེས་བཅོ་ལྔའི་ཉིན་གྱི་ཉིན་གུང་ཆུ་ཚོད་དང་པོ་ཙམ་ལ་སྐུ་ལུས་ཀྱི་གནད་སྟོན་པ་ཐུགས་རྗེ་ཅན་དགོངས་པ་མྱ་ངན་ལས་འདས་པའི་ཚུལ་དང་མཐུན་པར་དགོངས་པ་ཆོས་དབྱིངས་སུ་ཐིམ་ཡོད་འདུག་ཀྱང་། ༧སྐྱབས་རྗེ་བློ་གྲོས་ཉི་མ་རིན་པོ་ཆེས་ཐུགས་དམ་གསལ་འདེབས་ཞུས་གནང་བ་དང་། ༧རྒྱལ་དབང་མཆོག་གི་དགོངས་པ་ལྟར་ད་བར་ཕྱི་ལ་གསལ་བསྒྲགས་མེད་པར་ཁུ་སིམ་པོའི་ངང་བཞག་པ་ཡིན་འདུག སྐྱབས་རྗེ་ཁྲ་འགུ་སྐུ་ཕྲེང་དགུ་པ་ཀརྨ་པ་བློ་གྲོས་ལུང་རིགས་སྨྲ་བའི་སེང་གེ་མཆོག་ནི་སྤྱི་ལོ ༡༩༣༣ ལོར་ཡབ་འཇམ་དབྱངས་དོན་གྲུབ་དང་ཡུམ་དབང་མོ་རྣམ་གཉིས་ཀྱི་སྲས་སུ། ཁམས་སྟོད་ཆོས་ཕྱུག་གི་ཡུལ་ཞེས་པར་སྐུ་འཁྲུངས་ཤིང་། ༧རྒྱལ་དབང་ཀརྨ་པ་བཅུ་དྲུག་རིག་པའི་རྡོ་རྗེ་དང་ཏཱའི་སི་ཏུ་པདྨ་དབང་མཆོག་རྒྱལ་པོ་སོགས་ཀྱིས་ཁྲ་འགུ་སྐུ་ཕྲེང་བརྒྱད་པའི་ཡང་སྲིད་དུ་ངོས་འཛིན་མཛད་དེ་ཆོས་ཀྱི་སྒོར་ཞུགས་པ་དང་། དགུང་ལོ་བདུན་ཙམ་ནས་ཁྲ་ལེགས་རིན་པོ་ཆེས་དབུ་མེད་ཀ་ཁའི་ངོ་སྤྲོད་གནང་བ་དང་འབྲེལ་ཐོས་བསམ་མཛད། ཞེ་ཆེན་ཀོང་སྤྲུལ་པདྨ་དྲི་མེད་འོད་ལས་མི་ཕམ་བཀའ་འབུམ་གྱི་ལྗགས་ལུང་ཞུས། བཀའ་བརྒྱུད་རང་ལུགས་ཀྱི་ལྟ་བའི་བཞེད་པ་དྲི་མ་མེད་པ་མཁྱེན་ཕྱིར་ཀུན་མཁྱེན་རང་བྱུང་རྡོ་རྗེ་དང་སི་ཏུ་ཆོས་ཀྱི་འབྱུང་གནས་སོགས་ཀྱི་གསུང་རབ་ལ་ཐོས་བསམ་ཚུལ་བཞིན་མཛད་དེ། སྤྱི་ལོ ༡༩༦༧ ལོ་༧དཔལ་རྒྱལ་དབང་ཀརྨ་པའི་བཀའ་དགོངས་བཞིན་སྦག་ས་ཆོས་གྲྭར་མདོ་སྔགས་ཀྱི་གཞུང་མང་པོའི་དམ་བཅའ་བཞག་པས། ༧གོང་ས་མཆོག་གི་སྐུ་ཚབ་ལྷན་རྒྱས་དང་དེར་ཡོད་ཀྱི་མཁན་པོ་དགེ་བཤེས་ཀུན་གྱིས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར། དེ་ནས༧གོང་ས་མཆོག་གིས་བཀའ་བརྒྱུད་ཀྱི་མཁན་པོའི་མཚན་གནས་བསྩལ་རྗེས་རུམ་བཏེག་གི་གདན་སར་ཕེབས། ལྷག་པར་དུ་༡༩༦༠ ནས༡༩༧༧ བར་༧རྒྱལ་དབང་ཀརྨ་པ་རིག་པའི་རྡོ་རྗེའི་དྲུང་ནས་དབང་ལུང་སོགས་དམ་པའི་ཆོས་ཀྱི་བགོ་སྐལ་མང་པོ་གསན་ནས་མཐར་མདོ་སྔགས་རིག་གནས་དང་བཅས་པ་ལ་མངའ་བརྙེས་པའི་སྐྱེས་ཆེན་ཞིག་ཏུ་གྱུར། དམ་པ་འདི་ཉིད་ཀྱིས་ཞལ་སློབ་གཙོ་བོ་སྐྱབས་རྗེ་ཞྭ་དམར་རིན་པོ་ཆེ། བྱམས་མགོན་ཏཱའི་སི་ཏུ། འཇམ་མགོན་ཀོང་སྤྲུལ་སྐུ་ཕྲེང་གསུམ་པ། གོ་ཤྲཱི་རྒྱལ་ཚབ་རིན་པོ་ཆེ་དང་། ལྷག་པར་དུ་༧རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེའི་ཡོངས་འཛིན་མཛད་པ་སོགས་བསྟན་འཛིན་གྱི་སྐྱེས་ཆེན་མང་པོ་ཞིག་གསོ་སྐྱོང་མཛད་གནང་བ་མ་ཟད། རིན་པོ་ཆེ་མཆོག་ད་བར་འཛམ་གླིང་ཤར་ནུབ་ཀྱི་ས་ཕྱོགས་མང་པོར་ཞབས་ཀྱིས་བཅགས་ཏེ་ཆོས་ཀྱི་ལྟེ་གནས་དུ་མར་གསར་འཛུགས་དང་། མི་རིགས་འདྲ་མིན་གྱི་སློབ་མ་མང་པོར་ཆོས་ཀྱི་བདུད་རྩིས་ཚིམ་པར་མཛད་ཡོད་འདུག དེ་བཞིན་ཁོང་གིས་ལྗགས་རྩོམ་གནང་བའི་གཞུང་འགྲེལ་སོགས་ཕྱག་དཔེ་མང་པོ་ཞིག་ཀྱང་མཇལ་རྒྱུ་འདུག
གསར་འགོད་པ་བསོད་ནམས་ནོར་བུ།