༸གོང་མ་ཁྲི་ཆེན་རིན་པོ་ཆེའི་རྒྱ་གར་ལྷོ་ཕྱོགས་ཀྱི་མཛད་རིམ་ཁག་ལེགས་འགྲུབ།
ཟླ་འདིའི་ཚེས་༢༨ ཉིན་༸གོང་མ་ཁྲི་ཆེན་རིན་པོ་ཆེས་རྒྱ་གར་ལྷོ་ཕྱོགས་ཀྱི་མཛད་འཕྲིན་ཁག་གྲུབ་ནས། བྷིང་ལོར་ནས་མཁའ་ལམ་བརྒྱུད་ཕྱིར་བཞུགས་གནས་ར་ཛ་སྤུར་དུ་ཞབས་སོར་འཁོད་ཡོད་པ་རེད།
དེ་ཡང་འབྲེལ་ཡོད་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་ཁ་སྔོན་ཕྱི་ཟླ་བཞི་པའི་ཕྱི་ཚེས་༤ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་གཞིས་ཆགས་སུ་ཞབས་སོར་འཁོད་དེ་འབྲེལ་ཡོད་བོད་མི་གཞིས་སྒར་དང་གདན་ས་གྲྭ་ཚང་ཁག་བཅས་ལ་ཆོས་འབྲེལ་གྱི་མཛད་རིམ་རྒྱ་ཆེ་བསྐྱངས། ཟླ་འདིའི་ཚེས་༡༩ ཉིན་རྒྱ་གར་ལྷོ་ཕྱོགས་ཀོ་ལེ་གྷལ་དོན་ལྡན་གླིང་གཞིས་སྒར་དུ་རྟེན་གཞི་བྱས་པའི་བྱེས་ཀྱི་གདན་ས་རྫོགས་ཆེན་དགོན་དུ་ཞབས་སོར་འཁོད་ཡོད་པ་དང་། དེར་བཞུགས་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་དང་། ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན། ས་གནས་འགོ་འཛིན་དང་ས་འཐུས་ཚོགས་གཙོ་བཅས་གཙོས་པའི་མི་མང་ཡོངས་ནས་ཕེབས་བསུ་ཟབ་རྒྱས་ཞུ། ཕྱི་ཚེས་༢༠ ཉིན་སྔ་དྲོ་མི་མང་ལ་ནང་ཆོས་ངོ་སྤྲོད་དང་གྲུབ་ཆེན་ཐང་སྟོང་རྒྱལ་པོས་མཛད་པའི་ཚེ་དབང་ལོ་བརྒྱ་མའི་ཚེ་དབང་གནང་བ་མ་ཟད་བགྲེས་སོང་རྒན་ཁོག་རྣམས་ལ་དམིགས་ཀྱིས་བཀར་ཏེ་འཕོ་བ་དང་ཚེ་འགུག་སོགས་འདི་ཕྱི་བདེ་བའི་ལམ་སྟོན་བཀའ་སློབ་གནང་།
ཕྱི་ཚེས་༢༡ ཉིན་ཀོ་ལི་གྷ་དོན་ལྡན་གླིང་ནས་ལྷོ་སྤྱིས་དབུས་པའི་བདེ་སྲུང་མི་སྣ་དང་སྐུ་འཁོར་བཅས་ཆིིབས་ཐོན་གྱིས་ཧུན་སུ་རབ་རྒྱས་གླིང་དུ་རྟེན་གཞི་བྱས་པའི་རྒྱུད་སྨད་གྲྭ་ཚང་དུ་ཞབས་སོར་འཁོད་དེར་མི་མང་ལ་ཕུར་པའི་བཀའ་སྒོ་དང་བཀའ་སློབ་བསྩལ། ཉིན་གུང་ཚོུད་༡ ཡོལ་ཙམ་ལ་རྫོང་དཀར་ཆོས་སྡེར་ཞབས་སོར་འཁོད་དེ་དེར་འདུས་མི་མང་དང་འདུས་སྤྱི་ཡོངས་ལ་བཀའ་སློབ་དང་གང་བློ་མའི་ལྗགས་ལུང་བཅས་གྲུབ་རྗེས་སྟོན་པའི་སྐྱེད་ཚལ་དབུ་འབྱེད་རབ་གནས་མཛད། སྦེལ་ལ་ཀོབ་པའི་རྟེན་གཞི་བྱས་པའི་ས་དགོན་བརྩེ་ཆེན་ཆོས་འཁོར་གླིང་དུ་ཞབས་སོར་བདེ་བར་འཁོད།
ཕྱི་ཚེས་༢༢ ཉིན་ཕྱེད་ནས་མི་མང་ལ་མཇལ་བྱིན་དང་༢༣ དང་༢༤ བཅས་སོ་སོར་མི་མང་ལ་རིགས་གསུམ་མགོན་པོ་རྗེས་གནང་དང་ཀུན་རིག་དབང་སོགས་ཀྱི་ཆོས་འབྲེལ་རྒྱ་ཆེར་བསྩལ། ཕྱི་ཚེས་༢༥ བཀྲ་ཤིས་ལྷུན་པོ་མཁན་ལས་འདུས་མང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་ཞབས་སོར་བཀའ་དྲིན་བསྐྱངས་ནས་དགོན་པར་གནས་གཟིགས་དང་པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མའི་འཁྲུངས་སྐར་དང་འབྲེལ་བའི་བཀའ་སློབ་གནང་། ཕྱི་ཚེས་༢༦ སྔ་འགྱུར་རྙིང་མའི་བྱེས་ཀྱི་གདན་ས་ཆེན་པོ་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དུ་ཞབས་སོར་བཀའ་དྲིན་བསྐྱངས་ནས་དགོན་པར་གནས་གཟིགས་དང། རྣམ་གླིང་དབུ་འཛིན་མཆོག་སྤྲུལ་རིན་པོ་ཆེ་རྣམ་པ་གཉིས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་འདུས་ཚོགས་ཡོངས་ལ་དཔལ་ཆེན་རྡོ་རྗེ་ཕུར་པའི་གཏོར་དབང་དང་བཀའ་སློབ་གནང་། ཕྱི་དྲོ་སེར་བྱེས་མཁས་སྙན་གྲྭ་ཚང་དང་སེར་བྱེས་སློབ་གྲྭ སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་། གཙང་པ་ཁང་ཚན་བཅས་ལ་སྣང་གསལ་མར་མེ་ཞལ་འབྱེད་དང་གནས་གཟིགས་ཆིབས་བསྒྱུར་བཀའ་དྲིན་བསྐྱངས། དེའི་རྗེས་སེ་ར་བླ་སྤྱིར་ཞབས་སོར་འཁོད་ནས་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་སྟེ་བསྟན་འགྲོའི་དོན་མཛད་དགོས་ཚུལ་སོགས་ལམ་སྟོན་བཀའ་སློབ་རྒྱ་ཆེར་བསྩལ་གྲུབ་རྗེས་ཕྱི་དྲོ་ཚོུད་དྲུག་པའི་ཐོག་༸སྐྱབས་རྗེ་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་དབུ་བཞུགས་ཐོག་དགེ་འདུན་འདུས་མང་ཡོངས་ནས་སྐྱབས་མགོན་༸གོང་མ་ཁྲི་ཆེན་རིན་པོ་ཆེ་གང་ཉིད་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་པའི་ཆེད་ཞལ་འདོན་གནས་བཅུ་དང་ཞབས་བརྟན་གསོལ་འདེབས་སོགས་གྲུབ་རྗེས། སློབ་གཉེར་བ་རྣམས་ཀྱིས་གཞུང་ཆེན་བཀའ་པོད་ལྔའི་སྒོ་ནས་དམ་བཅའ་དང་རྟགས་གསལ་གཟིགས་འབུལ་ཞུས། ཕྱི་ཚེས་༢༧ སྔ་དྲོ་སེར་སྨད་གཙང་པ་ཁང་ཚན་དང་འབྲི་གུང་དགོན་པ། ཀརྨ་བཀའ་བརྒྱུད་ན་ལེནྜ་དགོན་པ་བཅས་ལ་ཆིབས་བསྒྱུར་དང་ཁོར་ཡུག་སྲུང་སྐྱོབས་ཀྱི་མཛད་སྒོར་བཅས་ལ་ཕེབས་ནས་བཀའ་སློབ་ཆོས་འབྲེལ་སོགས་གནང་། ཉིན་གུང་ཚོུད་༡༢ ཐོག་གྷོ་ལ་ཐལ་གཞིས་གྲོང་ལ་ཞབས་སོར་འཁོད་ནས་དེར་བཞུགས་མི་མང་ལ་ལམ་སྟོན་བཀའ་སློབ་བཀའ་སྒོ་བཅས་མཛད། ཉིན་རྒྱབ་ས་དགོན་བརྩེ་ཆེན་ཆོས་འཁོར་གླིང་དུ་མི་མང་ལ་འཕོ་ལུང་དང་བཀའ་སྒོ་སོགས་གནང་རྗེས་དབུས་གཙང་ཆོལ་ཁས་བརྟན་བཞུགས་བསྟར་འབུལ་ཞུས། ཕྱི་ཚེས་༢༨ ཉིན་སྔ་དྲོ་ཅ་ཀུབ་མི་མང་ཡོངས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་དེ་ཆོས་འབྲེལ་བཀའ་སློབ་དང་མཇལ་བྱིན་བསྩལ་གྲུབ་རྗེས་མང་ཚོགས་ཀྱིས་ཕེབས་སྐྱེལ་ཞུས་ཏེ། སྦིང་ལོར་ནས་མཁའ་ལམ་བརྒྱུད་ཕྱིར་བཞུགས་གནས་ར་ཛ་སྤུར་དུ་ཞབས་སོར་འཁོད་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།