༸གོང་ས་མཆོག་གིས་བར་འབྲོག་ཆུ་བཟང་རིན་པོ་ཆེའི་ཡང་སྲིད་ཀྱི་དབུ་སྐྲ་གཙུག་ཕུད་བཞེས།
ཕྱི་ལོ་༢༠༢༦ ཟླ་༢ ཚེས་༢༥ ཉིན་གྱི་སྔ་དྲོར། ༧གོང་ས་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་རྒྱ་གར་དང་བལ་ཡུལ། ཨ་རི་སོགས་ནས་ཕེབས་པའི་དད་ལྡན་སེར་སྐྱ་མི་མང་༨༠༠ ཙམ་ལ་མཇལ་ཁ་བསྩལ་ཡོད་པ་དང་། ལྷག་པར་དུ་འབྲུག་པ་བཀའ་བརྒྱུད་ཀྱི་བསྟན་པའི་གསལ་བྱེད་༧སྐྱབས་རྗེ་བར་འབྲོག་ཆུ་བཟང་ཡང་སྲིད་ཆུང་སྲིད་རིན་པོ་ཆེའི་དབུ་སྐྲ་གཙུག་ཕུད་བཞེས་ཡོད་འདུག

མཇལ་ཁ་གྲུབ་རྗེས་སུ། བར་འབྲོག་ཆུ་བཟང་འཕྲིན་ལས་རྒྱ་མཚོ་རིན་པོ་ཆེའི་གདུང་སྲས་ཤྲཱི་ཆུ་བཟང་སྤྲུལ་སྐུ་རིན་པོ་ཆེར་བཅར་འདྲི་ཞུས་པར། ཁོང་གིས་དེ་རིང་༧གོང་ས་མཆོག་ལ་མཇལ་ཁ་བཅར་དོན་ནི། བར་འབྲོག་ཆུ་བཟང་རིན་པོ་ཆེའི་ཡང་སྲིད་ཆུང་སྲིད་ཀྱི་དབུ་སྐྲ་གཙུག་ཕུད་ཆེད་ཡིན་ཞེས་དང་།
ཡང་སྲིད་ངོས་འཛིན་གྱི་བརྒྱུད་རིམ་སྐོར་ལ། བར་འབྲོག་ཆུ་བཟང་འཕྲིན་ལས་རྒྱ་མཆོ་སྐུ་ཕྲེང་བཅུ་གཉིས་པ་དེ་ཕྱི་ལོ་༢༠༢༡ ཟླ་༦ ཚེས་༡ ཉིན། བོད་ལུགས་ལྟར་དགུང་གྲངས་༩༢ ཐོག་ཨ་རིའི་ནིའུ་ཡོག་ཏུ་དགོངས་པ་རྫོགས་ཡོད་པ་དང་། ༸གོང་ས་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར། ན་ནིང་ཕྱི་ཟླ་༧ ཚེས་༥ ཉིན། བལ་ཡུལ་དུ་གནས་བཞུགས་ལ་སྟོད་དིང་རི་རྫོང་ཁོངས་འགྲམ་མཚོ་བ་ཡབ་ཕུར་བུ་སྐལ་བཟང་དང་། ཡུམ་ཚེ་རིང་སྒྲོལ་དཀར་གཉིས་ཀྱི་བུ་བསྟན་འཛིན་བཀྲ་ཤིས་བར་འབྲོག་ཆུ་བཟང་རིན་པོ་ཆེའི་ཡང་སྲིད་དུ་ངོས་འཛིན་ཕྱག་རྟགས་བཀའ་དྲིན་བསྩལ་བྱུང་ཞེས་གསུངས་སོང་།
གཞན་ཡང་། ཁ་སང་ཕྱི་ལོ་༢༠༢༦ ཟླ་༢ ཚེས་༢༤ ཉིན། དྷ་སར་ཡོད་པའི་ནོར་བུ་གསོལ་མགྲོན་ཁང་དུ་རྒྱ་གར་གྱི་གྲུབ་ཆེན་དམ་པ་སངས་རྒྱས་ཀྱི་སྐུ་ཕྲེང་བཅུ་གཉིས་པ་དོན་བརྒྱུད་བསྟན་པའི་མཛོད་འཛིན་བར་འབྲོག་ཆུ་བཟང་རིན་པོ་ཆེ་དཔལ་ལྡན་ངག་དབང་མི་ཕམ་མཐུ་སྟོབས་འཕྲིན་ལས་རྒྱ་མཚོ་དཔལ་བཟང་པོ་མཆོག་གི་ཡང་སྲིད་ཆུང་སྲིད་རིན་པོ་ཆེའི་སྐུ་ཁྲུས་གསོལ་རྒྱུ་དང་ན་བཟའ་སྒྲོན་འབུལ་རྟེན་འབྱུང་མཛད་སྒོ་ཞིག་ཚོགས་ཡོད་འདུག
མཛད་སྒོའི་ཐོག་ཏུ་བལ་ཡུལ་སྐུ་ཚབ་དོན་གཅོད་ལོ་པཎ་སྤྲུལ་སྐུ་རིན་པོ་ཆེ་སྐུ་གོང་མའི་རྣམ་ཐར་སྙན་སྒྲོན་གནང་བ་དང་ཆུང་སྲིད་རིན་པོ་ཆེ་མཆོག་ལ་རྟེན་འབྲེལ་གྱི་མཇལ་དར་ཕུལ། རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེ་དང་། ཆུ་བཟང་རིན་པོ་ཆེས་༸རྒྱལ་བའི་བཞུགས་ཁྲི་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་གྲུབ་མཚམས། ཆུང་སྲིད་རིན་པོ་ཆེ་མཆོག་གི་ནང་མི་སྐུ་འཁོར་རྣམ་པར་རྟེན་འབྲེལ་གྱི་མཇལ་དར་བསྒྲོན་ཡོད་འདུག
བར་འབྲོག་ཆུ་བཟང་རིན་པོ་ཆེ་དཔལ་ལྡན་མི་ཕམ་མཐུ་སྟོབས་འཕྲིན་ལས་རྒྱ་མཚོ་དཔལ་བཟང་པོ་ནི། རྒྱ་གར་གྱི་གྲུབ་ཆེན་ཕ་དམ་པ་སངས་རྒྱས་ཀྱི་སྐུའི་ཕྲེང་བ་བཅུ་གཉིས་པར་ངོས་འཛིན་ཞུ་བཞིན་ཡོད་པ་དང་། ཁོང་ནི་ཕྱི་ལོ་༡༩༢༨ ལོར་བོད་སྟོད་ཁུལ་གཡས་རུ་བྱང་གི་མདོག་གཞུང་དུ་སྐུ་འཁྲུངས།
ཕྱི་ལོ་༡༩༥༩ ལོར་རྒྱ་ནག་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་རྗེས། རིན་པོ་ཆེ་བལ་ཡུལ་དུ་བྲོས་བྱོལ་དུ་ཕེབས་ཤིང་། ཧི་མ་ལ་ཡའི་རི་རྒྱུད་ཤར་ཁུམ་བུ་སོགས་སུ་ལོ་མང་རིང་བཞུགས་ནས། ས་གནས་མི་མང་ལ་ཆོས་དང་འཇིག་རྟེན་གྱི་ལམ་སྟོན་དང་ཞབས་འདེགས་བླ་ན་མེད་པ་བསྒྲུབས་ཏེ། ཧི་མ་ལ་ཡའི་མི་མང་གི་སྐྱབས་གནས་དམ་པར་གྱུར།
རིན་པོ་ཆེ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་གཙོ་བོར་བཞེས་མཁན་དང་། རིས་སུ་མ་ཆད་པའི་བསྟན་པ་ཡོངས་ཀྱི་སྙིང་བཅུད་ལ་ཐུགས་དམ་ཉམས་བཞེས་གནང་མཁན་ཞིག་ཡིན་ཞིང་། ཁོང་གི་དམིགས་བསལ་གྱི་ཁྱད་ཆོས་ནི། མཐོ་དམན་ཀུན་ལ་ཐུགས་འདྲིས་བདེ་ཞིང་། ཟབ་མོའི་གདམས་ངག་རྣམས་གླེང་མོལ་གྱི་ཚུལ་དུ་གསུང་སྒོ་ཡངས་པོའི་སྒོ་ནས་གནང་རྒྱུ་དེ་ཡིན་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།
