ཀེམ་དང་པུ་ཀྲེན་གཉིས་ཐེངས་དང་པོ་ཐུག་པ།
ལོ་གཅིག་གི་སྔོན་ནས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀེམ་ཇོང་ཨན་གྱིས་ཕྱི་འབྲེལ་སྲིད་ཇུས་གསར་པ་ཞིག་གི་རྣམ་པ་བསྟན་ནས་བཟུང་། ལྷོ་ཀོ་རི་ཡའི་སྲིད་འཛིན་དང་རྒྱ་ནག་གི་སྲིད་འཛིན། དེ་བཞིན་ཨ་རིའི་སྲིད་འཛིན་བཅས་དང་ཐུག་འཕྲད་བྱས་ཏེ། བྱང་ཀོ་རི་ཡའི་རྡུལ་མཚོན་ལས་གཞི་ལ་བརྟེན་ནས་རྒྱལ་ཁབ་དེར་རྒྱལ་སྤྱིའི་ནས་དཔལ་འབྱོར་ཉེས་ཆད་གཏོང་བཞིན་པའི་དཀའ་ངལ་དེ་སེལ་ཐབས་བྱས་ཡོད་ཀྱང་། ད་བར་གྲུབ་འབྲས་ཐོན་མེད་པས། ཐེངས་འདིར་ཁོང་དང་ཨུ་རུ་སུའི་སྲིད་འཛིན་པུ་ཀྲེན་གཉིས་ཨུ་རུ་སུར་ཐུག་འཕྲད་ཐེངས་དང་པོ་བྱས་འདུག ཐུག་འཕྲད་དེས་ཨ་རི་དང་བྱང་ཀོ་རི་ཡ་གཉིས་བར་གྱི་ལམ་ལྷོངས་མ་བྱུང་བའི་གྲོས་མོལ་ལ་ཤུགས་རྐྱེན་བཟང་ངན་གང་སྤྲོད་སྲིད་མིན་ད་ལྟའི་ཆར་ཚོད་དཔག་བྱེད་དཀའ་བ་ཡིན་འདུག
ཟླ་༤ པའི་ཚེས་༢༥ ཉིན་བྱང་ཀོ་རི་ཡའི་ས་མཚམས་ནས་རྒྱང་ཐག་ཀི་ལོ་མེ་ཊར་༡༢༠ ལྷག་གི་གནས་སུ་ཡོད་པའི་ཨུ་རུ་སུའི་མཚོ་ཁ་གྲོང་ཁྱེར་ཝི་ལཱ་ཌི་ཝོས་ཊོག་ཏུ། བྱང་ཀོ་རི་ཡའི་འགོ་ཁྲིད་ཀེམ་ཇོང་ཨན་དང་ཨུ་རུ་སུའི་སྲིད་འཛིན་པུ་ཀྲེན་གཉིས་ཐེངས་དང་པོར་ཐུག་འཕྲད་བྱས་ཡོད་པ་དང་། ཐུག་འཕྲད་སྐབས་སུ་གནད་དོན་གང་གླེང་སློང་དང་གནད་དོན་ག་རེའི་ཐོག་མོས་མཐུན་བྱུང་མེད་ཀྱི་ཞིབ་ཕྲའི་གནས་ཚུལ་ཕྱིར་བསྒྲགས་བྱས་མེད་འདུག
པུ་ཀྲེན་གྱིས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀེམ་ལ་རྡུལ་མཚོན་རྩ་མེད་བཟོ་རྒྱུའི་འདོད་པ་ཡོད་ཀྱང་། དེ་ལྟར་བྱེད་པར་རྒྱལ་ཁབ་ཀྱི་བདེ་འཇགས་འགན་ལེན་གཙང་མ་ཐོབ་དགོས་པ་གལ་ཆེན་བརྩིས་ཡི་ཡོད་པ་དང་། ཁོ་གཉིས་ཀྱི་ཐུག་འཕྲད་སྐབས་སུ་བྱུང་བའི་ཞིབ་ཕྲའི་གནས་ཚུལ་རྣམས། ཀེམ་གྱི་རེ་འདུན་ལྟར་ཨ་རི་དང་རྒྱ་ནག་གི་སྲིད་འཛིན་གཉིས་ལ་ལན་བསྐྱལ་རྒྱུའི་འདོད་པ་ཡོད་སྐོར་བརྗོད་འདུག བྱང་ཀོ་རི་ཡའི་རྡུལ་མཚོན་ལས་གཞི་དང་འབྲེལ་བའི་གྲོས་མོལ་ནང་དུ། དེ་སྔོན་ལྷོ་ཀོ་རི་ཡ་དང་ཨ་རི། རྒྱ་ནག་བཅས་ཀྱི་ཤུགས་རྐྱེན་ཡོད་པ་ངོས་འཛིན་བྱེད་བཞིན་ཡོད་ཀྱང་། ཐེངས་འདིར་ཨུ་རུ་སུས་བར་གླེང་གི་ལས་འགན་འཁུར་གྱི་ཡོད་པའི་རྣམ་པ་བསྟན་པ་དེས། ཨུ་རུ་སུ་དང་ཨ་རི་བར་གྱི་འབྲེལ་ལམ་ཁྲོད། ཨུ་རུ་སུར་ལག་ཆ་གསར་པ་ཞིག་ཐོབ་སྲིད་པ་རེད་འདུག
བྱང་ཀོ་རི་ཡའི་གཞུང་འབྲེལ་བརྒྱུད་ལམ་གྱིས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཕྱོགས་གཉིས་བར་གྱི་ཐུག་འཕྲད་སྐབས་སུ། ཀེམ་གྱིས་པུ་ཀྲེན་ལ་ཀོ་རི་ཡ་མཚོ་གླིང་ཁུལ་གྱི་གནས་སྟངས་དེ་ཛ་དྲག་ཆགས་ཡོད་པ་དང་། དེ་སྔོན་གྱི་གནས་སྟངས་ལྟར་ཕྱིར་ལོག་འགྲོ་སྲིད་པས། ཁུལ་དེའི་ཞི་བདེ་དང་བདེ་འཇགས་ཀྱི་གནས་སྟངས་གང་འདྲ་ཆགས་མིན་ཨ་རིའི་མ་འོངས་པའི་ལྟ་སྤྱོད་ཁོ་ན་ལ་རག་ལས་ཡོད་པ། དེ་བཞིན་ཕྱོགས་གཉིས་བར་ཀོ་རི་ཡའི་མཚོ་གླིང་ཁུལ་གྱི་བདེ་འཇགས་ཐོག་འབྲེལ་ལམ་དང་མཉམ་ལས་འཕེལ་རྒྱས་གཏོང་རྒྱུ་དང་། ཕྱོགས་གཉིས་བར་གྱི་ཆེས་མཐོའི་སྐོར་བསྐྱོད་མང་དུ་གཏོང་རྒྱུའི་ཐོག དུས་ཚོད་མཚམས་པོ་ཞིག་ལ་པུ་ཀྲེན་བྱང་ཀོ་རི་ཡར་ཡོང་རྒྱུའི་ཐོག་གྲོས་བསྡུར་བྱས་ཡོད་འདུག
ཨུ་རུ་སུ་ནི་མཉམ་འབྲེལ་རྒྱལ་ཁབ་ཀྱི་བདེ་འཇགས་ལྷན་ཚོགས་ཀྱི་གཏན་འཇགས་ཚོགས་མི་ཡིན་པས། གལ་ཏེ་ལྷན་ཚོགས་དེའི་ནང་གི་གཏན་འཇགས་ཚོགས་མི་ཨུ་རུ་སུ་དང་རྒྱ་ནག་གཉིས་ཀྱིས་བྱང་ཀོ་རི་ཡར་རྒྱབ་སྐྱོར་བྱས་ཚེ། ཨ་རི་གཙོས་པའི་ཚོགས་མི་གཞན་རྣམས་ཀྱིས་བྱང་ཀོ་རི་ཡར་གནོན་ཤུགས་སྤྲོད་པར་དཀའ་ལས་ཁག་པོ་ཆགས་སྲིད་པ་རེད་འདུག འོན་ཀྱང་ཐུག་འཕྲད་ཀྱི་རྗེས་སུ་པུ་ཀྲེན་གྱིས་ཨ་རི་དང་ཨུ་རུ་སུ་གཉིས་ཀས་བྱང་ཀོ་རི་ཡས་རྡུལ་མཚོན་རྩ་མེད་བཟོ་བར་མོས་མཐུན་བྱེད་ཀྱི་ཡོད་ཀྱང་། རྒྱལ་སྤྱིའི་རྒྱལ་ཁབ་མང་པོ་ཞིག་གིས་བྱང་ཀོ་རི་ཡའི་བདེ་འཇགས་ལ་འགན་ལེན་བྱེད་དགོས་རྒྱུ་གལ་ཆེན་ཆགས་ཡོད་སྐོར་བརྗོད་འདུག
ཨ་རིའི་སྲིད་འཛིན་ཊོམ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀེམ་ཇོང་ཨན་གཉིས་ཀྱི་ལྷན་ཚོགས་ཐེངས་གཉིས་པ་དེ་ལམ་ལྷོངས་མ་བྱུང་བའི་རྗེས་སུ། ཀེམ་གྱིས་ཨ་རིའི་མཁྲེགས་འཛིན་གྱི་ལྟ་སྤྱོད་ལ་སྐྱོན་བརྗོད་བྱས་ཡོད་ཁར། ཨ་རིའི་ཕྱི་སྲིད་བློན་ཆེན་ཕྱོགས་གཉིས་བར་གྱི་གྲོས་མོལ་གྱི་ལས་དོན་ནས་གནས་དབྱུང་གཏོང་བའི་དགོས་འདུན་བཏོན་ཡོད་ཁར། ཨ་རིའི་བདེ་སྲུང་སློབ་སྟོན་པར་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་འདུག
ཨ་རིའི་སྲིད་འཛིན་དུ་ཌོ་ནལ་ཊོམ་འདེམས་ཐོན་བྱུང་བའི་རྗེས་སུ། བྱང་ཀོ་རི་ཡའི་རྡུལ་མཚོན་ལས་གཞི་ལ་འཐབ་རྒོལ་དྲག་པོ་བྱེད་ཆེད། དཔལ་འབྱོར་ཉེས་ཆད་གསར་པ་བཟོས་ཡོད་པ་མ་ཟད། བྱང་ཀོ་རི་ཡའི་ཚོང་རོགས་ཆེ་ཤོས་རྒྱ་ནག་བརྒྱུད་ནས་གནོན་ཤུགས་སྤྲོད་ཐབས་བྱས་ཡོད་པ་རེད། ཕྱོགས་གཉིས་ཀྱི་འགོ་ཁྲིད་བར་སྡིགས་བསྐུལ་བྱེད་རེས་སོགས་བྱས་ཏེ། རྡུལ་མཚོན་གྱི་དམག་འཁྲུག་འབྱུང་སྲིད་པའི་ཁོར་ཡུག་དང་རྣམ་པ་ཞིག་བསྐྲུན་ཡོད་པ་རེད་དེ། རྗེས་སུ་བྱང་ཀོ་རི་ཡའི་འགོ་ཁྲིད་ཀྱིས་ལྷོ་ཀོ་རི་ཡ་དང་འབྲེལ་བ་བཟང་དུ་བཏང་ནས། རྗེས་སུ་ཨ་རིའི་སྲིད་འཛིན་ཊོམ་དང་འབྲེལ་ལམ་བྱེད་འགོ་བཙུགས་ནས། ཕྱོགས་གཉིས་བར་ཐུག་འཕྲད་ཐེངས་གཉིས་བྱས་ཡོད་ཀྱང་། ད་ལྟའི་ཆར་དེ་སྔོན་ལྟར་ཛ་དྲག་གི་གནས་སྟངས་མེད་པའི་རྣམ་པ་ཆགས་ཡོད་པ་ལས། རྒྱལ་སྤྱིའི་ཐོག་ནས་བྱང་ཀོ་རི་ཡར་བཏང་བའི་དཔལ་འབྱོར་ཉེས་ཆད་ཉུང་དུ་གཏོང་རྒྱུ་དང་། བྱང་ཀོ་རི་ཡའི་རྡུལ་མཚོན་རྩ་མེད་བཟོ་བའི་གནད་དོན་ཐོག་གྲུབ་འབྲས་གང་ཡང་ཐོན་མེད་པ་རེད།
དཔྱད་བརྗོད་པ་ཁག་ཅིག་གིས་བྱང་ཀོ་རི་ཡས་ལོ་མང་དཀའ་ལས་བརྒྱབ་ནས་བཟོ་སྐྲུན་བྱས་པའི་རྡུལ་མཚོན་རྣམས་རྩ་མེད་བཟོ་རྒྱུ་ཁག་པོ་ཡིན་ཁར། ཨ་རིའི་ངོས་ནས་བྱང་ཀོ་རི་ཡ་ཕྱོགས་ནས་རྡུལ་མཚོན་རྩ་མེད་བཟོ་རྒྱུའི་དམིགས་ཡུལ་འཛིན་བཞིན་པ་དེ་ནི་དམིགས་ཡུལ་ཆེ་དྲག་པ་ཡིན་པ་དང་། རྒྱལ་སྤྱིའི་ནང་རྒྱལ་ཁབ་གཅིག་ལ་རྡུལ་མཚོན་ཡོད་ཚེ། དེ་ནི་མ་འོངས་པར་རྒྱལ་ཁབ་གཞན་གྱིས་དམག་མི་རྒྱག་པའི་སྔོན་འགོག་གི་ལག་ཆ་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་སྐོར་བརྗོད་ཀྱི་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།