ཁམས་སྡེ་དགེ་ཡེ་ན་དགོན་པའི་མཁན་པོ་དང་དོ་དམ་པ་གཉིས་ལ་ལོ་བཞི་དང་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

མི་མང་གི་ངོ་རྒོལ་ནང་མཉམ་ཞུགས་བྱས་པའི་ཉེས་མིང་འོག་ཡེ་ན་དགོན་པའི་མཁན་པོ་དང་དོ་དམ་པ་གཉིས་ལ་ལོ་བཞི་དང་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

ཟླ་འདིའི་ཚེས་༡༦ ཉིན། བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ན་ནིང་ཁམས་སྡེ་དགེ་ཁུལ་དུ་རྒྱ་གཞུང་གི་གློག་ཁང་གི་ཆེད་ཆུ་མཛོད་གསར་རྒྱག་གི་ལས་གཞི་ལ་ས་གནས་མི་མང་གིས་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པའི་ཁྲོད། ལས་འགུལ་ནང་མཉམ་ཞུགས་བྱས་པའི་ཉེས་མིང་འོག་ཡེ་ན་དགོན་པའི་མཁན་པོ་ཤེས་རབ་ལ་ལོ་བཞི་ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་མ་ཟད། དགོན་པའི་དོ་དམ་པ་མགོན་པོ་ལ་ལོ་གསུམ་གྱི་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་འདུག ལྷག་པར་དུ་རྒྱ་གཞུང་གི་འཛིན་བཟུང་བཀག་ཉར་གྱི་འོག མགོན་པོ་ལ་གཅར་རྡུང་དྲག་པོ་བྱས་པར་བརྟེན། སྐུ་གཟུགས་ཀྱི་གནས་སྟངས་ཛ་དྲག་གིས་ད་ཆར་ཁྲིན་ཏུའི་གྱི་སྨན་ཁང་ཞིག་ཏུ་བསྐྱལ་ཡོད་འདུག

པར། rfa

ན་ནིང་རྒྱ་གཞུང་གིས་གློག་ཁང་ཆུ་མཛོད་གསར་རྒྱག་བྱེད་རྒྱུ་ཡིན་པར་བརྗོད་ནས་ཁམས་སྡེ་དགེའི་ཕྱོགས་ཀྱི་ས་གནས་བོད་མི་མང་པོ་ཡུལ་གཞན་ལ་གནས་སྤོ་དགོས་པའི་བཙན་བཀའ་བཏང་བ་དང་། ལས་གཞི་དེ་ལེགས་གྲུབ་བྱུང་ན་ཁམས་སྡེ་དགེའི་ཁུལ་ཏེ་འབྲི་ཆུའི་བཞུར་རྒྱུད་དབོན་པོ་སྟོད་ཁུལ་དུ་ཆགས་པའི་དབོན་སྟོད་དགོན་དང་། ལྷ་འབྲོང་དགོན་པ། ཡེ་ན་དགོན་པ། དགོན་གསར་དགོན་པ། རབ་བརྟན་དགོན་སོགས་ལོ་རྒྱུས་རང་བཞིན་ལྡན་པའི་དགོན་ཁག་དྲུག་རྩ་མེད་དུ་འགྲོ་ཉེན་ཡོད་པར་བརྟེན། ས་གནས་མི་མང་གིས་རྒྱ་གཞུང་ལ་ཞུ་འབོད་རིམ་པ་ཕུལ་ཡང་། རྒྱ་གཞུང་གིས་དང་ལེན་བྱ་རྒྱུ་ལས་ལྡོག་སྟེ། བཙན་ཤེད་ཀྱིས་མི་མང་ལ་ཚད་ལས་བརྒལ་བའི་རྡུང་རྡེག་བཏང་བ་མ་ཟད། ཡེ་ན་དགོན་པའི་མཁན་པོ་ཤེས་རབ་དང་དོ་དམ་པ་མགོན་པོ་གཙོས་བོད་མི་༡༠༠༠ ལྷག་འཛིན་བཟུང་བྱས་ཡོད་འདུག

ཟླ་འདིའི་ཚེས་༡༦ ཉིན། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དབྱིན་ཡིག་སྡེ་ཚན་གྱིས་གནས་ཚུལ་སྤེལ་གསལ་ལྟར་ན། ངོ་རྒོལ་བྱུང་ནས་ལོ་གཅིག་ལྷག་འགོར་རྗེས། འབྲི་ཆུའི་རྒྱུད་ཀྱི་ས་ཁུལ་དུ་ད་དུང་ཡང་ལྟ་སྲུང་ནན་པོ་བྱེད་བཞིན་ཡོད་པ་དང་། དབོན་པོ་སྟོད་ཤང་གི་དགོན་སྡེ་དང་གྲོང་ཚོ་ཁག་གི་གྲྭ་པ་དང་མི་མང་གི་འགྲོ་འོང་ལ་ཡང་དམ་དྲག་བྱེད་བཞིན་ཡོད་འདུག

དེ་བཞིན་ཡེ་ན་དགོན་དང་དབོན་སྟོད་དགོན་ལྟ་བུར་འགྲོ་སའི་ལམ་ཁར་ཞིབ་བཤེར་ས་ཚིགས་བཙུགས་ཡོད་པ་དང་། ཉེན་རྟོག་པས་སྤྲད་པའི་འགྲོ་སྐྱོད་ཆོག་མཆན་ཡོད་མཁན་གྱི་བོད་མི་ཁོ་ན་མ་གཏོགས། ཐ་ན་འགྲོ་སྐྱོད་ཆོག་མཆན་ཡོད་མཁན་རྒྱ་རིགས་རྣམས་ཀྱང་ནང་དུ་འཛུལ་འཇུག་གི་མེད་པ་རེད་འདུག

ས་ཁུལ་དེ་ཡོངས་རྫོགས་དོན་དངོས་སུ་བཀག་སྡོམ་བྱས་ནས། ཆུ་འགྲམ་གྱི་གྲོང་ཚོ་དང་དགོན་ཁག་གི་གྲྭ་པ་དང་མི་མང་བཅས་ཁྱོན་༤༠༠༠ ཙམ་གྱིས་འགྲོ་སྐྱོད་ཀྱི་རང་དབང་ཡོངས་སུ་ཤོར་ཏེ། མཉམ་རུབ་ཀྱིས་བཙོན་འཇུག་ལྟ་བུའི་གནས་སུ་གྱུར་ཡོད་པར་བརྗོད་འདུག།།

གསར་འགོད་པ། བློ་བཟང་རྒྱ་མཚོ།