ཁྱབ་བསྒྲགས་ཐོག་༧གོང་ས་མཆོག་གི་ལེགས་བཤད་སྤེལ་སྟབས་བཟོད་གསོལ་ཞུ་དགོས་ཁེལ་འདུག
འཇར་མན་གྱི་རླངས་འཁོར་གྲགས་ཅན་མཱེར་སེ་ཌེ་སི་ཞེས་པ་བཟོ་མཁན་གྱི་ཚོང་ལས་ཁང་གིས་རླངས་འཁོར་ཁྱབ་བསྒྲགས་ཀྱི་པར་རིས་ཐོག ༧གོང་ས་མཆོག་གི་ལེགས་བཤད་ཅིག་སྤེལ་སྟབས། ཟླ་འདིའི་ཕྱི་ཚེས་༦ ཉིན་རྒྱ་ནག་ལ་བཟོད་གསོལ་ཞུ་དགོས་ཁེལ་འདུག
རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་༤ ཉིན་འཇར་མན་གྱི་རླངས་འཁོར་གྲགས་ཅན་མཱེར་སེ་ཌེ་སི་(Mercedes) བཟོ་གྲྭའི་ཚོང་ལས་ཁང་གིས་རྒྱལ་སྤྱིའི་ཁྱོན་དུ་བཀོལ་བཞིན་པའི་སྤྱི་ཚོགས་དྲ་རྒྱ་(Instagram)ཐོག་༧གོང་ས་མཆོག་གི་ལེགས་བཤད་ཅིག་དང་ལྷན་དུ་རླངས་འཁོར་གྱི་པར་རིས་ཤིག་ཁྱབ་བསྒྲགས་བྱས་ཡོད་ཀྱང་། དེར་རྒྱ་ནག་ནང་གི་དྲ་རྒྱ་བཀོལ་སྤྱོད་པ་ཚོས་སྐྱོན་བརྗོད་བྱུང་སྟབས་ཟླ་འདིའི་ཕྱི་ཚེས་༦ ཉིན་ཚོང་ལས་ཁང་དེས་རྒྱ་ནག་ནང་བཀོལ་བཞིན་པའི་སྤྱི་ཚོགས་དྲ་རྒྱ་ཝི་བྷོ་(Weibo) ཐོག་བཟོད་གསོལ་ཞུ་དགོས་ཁེལ་འདུག
དེ་ཡང་འཇར་མན་གྱི་ཚོང་ལས་ཁང་དེས་རླངས་འཁོར་ཁྱབ་བསྒྲགས་ཀྱི་པར་རིས་ཐོག་བྲིས་པའི་༧གོང་ས་མཆོག་གི་ལེགས་བཤད་ནི་“གནས་སྟངས་ཚང་མར་ཕྱོགས་ཡོངས་ནས་བལྟས་ཚེ། ད་གཟོད་ཁྱེད་རང་གུ་ཇེ་ཡངས་ཆགས་ཀྱི་རེད།”ཅེས་པ་དེ་ཡིན་པ་རེད།
ཚོང་ལས་ཁང་དེས་སྤེལ་བའི་བཟོད་གསོལ་གྱི་ཡི་གེའི་ནང་།“ང་ཚོའི་ཚོང་ལས་ཁང་གིས་རྒྱལ་སྤྱིའི་རང་བཞིན་ཐོག་བཀོལ་སྤྱོད་བྱེད་བཞིན་པའི་སྤྱི་ཚོགས་དྲ་རྒྱའི་ནང་། ཤིན་ཏུ་ནོར་འཁྲུལ་ཅན་གྱི་ཡི་གེ་ཞིག་ཁྱབ་བསྒྲགས་བྱས་ཡོད་པ་ད་ནང་ང་ཚོས་ཤེས་རྟོགས་བྱུང་། དེར་ང་ཚོས་ཁ་ཞེ་གཉིས་མེད་ངང་ནས་དགོངས་དག་ཞུ་བཞིན་ཡོད།”ཅེས་དང་། “ང་ཚོས་གང་མགྱོགས་ཅི་མགྱོགས་ངང་ཁྱབ་བསྒྲགས་དེ་བསུབ་ཟིན་ཡང་། དེས་ང་ཚོའི་ལས་རོགས་རྣམས་ཐེ་བའི་རྒྱ་ནག་ནང་གི་མི་མང་ཚོའི་སེམས་ཁམས་ལ་གནོད་སྐྱོན་ག་ཚོད་བཟོས་ཡོད་མེད་ང་ཚོས་གསལ་པོ་ཤེས་སོང་། དེ་ལ་ང་ཚོས་ཁ་ཞེ་གཉིས་མེད་ངང་ནས་བཟོད་གསོལ་ཞུ་བཞིན་ཡོད་”ཅེས་འཁོད་འདུག་པ་དང་། དེ་བཞིན་གནད་དོན་དེ་དང་འབྲེལ་བའི་ཐོག་ནས་སྐྱོན་བརྗོད་དང་མཆན་འདེབས་བྱུང་བ་ཚང་མ་ངོས་ལེན་ཡོད་པ་དང་། རྒྱ་ནག་གི་་རིག་གནས་དང་རིན་ཐང་ལྟ་ཚུལ་ཐད་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུར་འབད་བརྩོན་བྱེད་རྒྱུ་ཡིན་པ། གནད་དོན་དེ་འདྲའི་རིགས་ཡང་བསྐྱར་མི་ཡོང་རྒྱུའི་ཐོག་འབད་རྒྱུ་ཡིན་པ་བཅས་འཁོད་འདུག
ཚོང་ལས་ཁང་དེས་སྤེལ་བའི་བཟོད་གསོལ་གྱི་ཁྱབ་བསྒྲགས་ཐོག་མཆན་འདེབས་རྒྱུ་བཀག་ཡོད་འདུག་པ་དང་། རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་གོ་ལའི་དུས་བབ་ཀྱིས་གཉེར་བའི་སྤྱི་ཚོགས་དྲ་ལམ་ཝི་བྷོའི་ཐོག་གནད་དོན་དེའི་སྐོར་ལ་གྲོས་བསྡུར་བྱས་ཡོད་འདུག
འཇར་མན་གྱི་ཚོང་ལས་ཁང་དེའི་ཁྱབ་བསྒྲགས་ཀྱི་གནད་དོན་ཐོག་རྒྱ་ནག་ནང་གི་དྲ་རྒྱ་བཀོལ་སྤྱོད་བྱེད་མཁན་ཁག་ཅིག་གིས་མཆན་བཏབ་པའི་ནང་། ཕྱི་རྒྱལ་གྱི་ཚོང་ལས་ཁང་རྣམས་ཀྱིས་རྒྱ་ནག་གི་གནས་སྟངས་ཤེས་ཀྱི་མེད་ཀྱང་། གནད་དོན་དེ་ཚོང་ལས་ཁང་རྣམས་དང་འབྲེལ་བ་མི་བྱེད་རྒྱུའི་ཆེད་དུ་ཁ་གཡར་བ་ཞིག་མིན་སྐོར་བརྗོད་ནས། ཚོང་ལས་དང་འབྲེལ་བའི་ཐོག་ནས་སྡིགས་སྐུལ་བྱས་པ་དང་། དེ་བཞིན་བཟོད་གསོལ་དེ་རྒྱལ་སྤྱིའི་རང་བཞིན་ཅན་གྱི་སྤྱི་ཚོགས་དྲ་རྒྱའི་ནང་མ་བྱས་པར་རྒྱ་ནག་གི་སྤྱི་ཚོགས་དྲ་རྒྱ་གཅིག་པུའི་ཐོག་ནས་བྱས་པའི་རྒྱུ་མཚན་ཅི་ཞིག་ཡིན་མིན་གྱི་དྲི་བ་བཀོད་དེ། རྒྱལ་སྤྱིའི་རང་བཞིན་ཅན་གྱི་སྤྱི་ཚོགས་དྲ་རྒྱའི་ཐོག་ནས་བཟོད་གསོལ་ཞུ་རྒྱུའི་དགོས་འདུན་བཏོན་པ། དེ་བཞིན་“གལ་ཏེ་ཁྱེད་རང་ལ་རྒྱ་ནག་གི་ཁྲོམ་ར་དགོས་ན་བཟོད་གསོལ་ཞུ་རོགས། ཏཱ་ལའི་བླ་མའི་ཚིག་སྤྱོད་རྒྱུ་དེ་གདམ་ག་ཡག་པོ་ཞིག་མ་རེད། གལ་སྲིད་ང་ཚོའི་ཁྱབ་བསྒྲགས་ནང་ཧི་ཏྲི་ལེར་གྱི་ཚིག་སྤྱད་ན་ཁྱོད་རང་ཚོས་ག་རེ་བསམ་ས་རེད།”ཅེས་བརྗོད་པ་སོགས་ཀྱི་སྒོ་ནས་སྐྱོན་བརྗོད་སྣ་ཚོགས་པ་བྱས་ཡོད་འདུག
དེ་བཞིན་འདི་ལོའི་ཕྱི་ཟླ་༡ པའི་འགོ་སྟོད་དུ་རྒྱ་ནག་ནང་མགྲོན་ཁང་༡༢༤ ཡོད་པའི་རྒྱལ་སྤྱིའི་མགྲོན་ཁང་ཚོང་ལས་ཁང་མཱེ་རོའུ་ཌ་ (Marriott) ཞེས་པས་ཀྱང་། འདྲི་རྩད་རེའུ་མིག་ཅིག་གི་ཐོག བོད་དེ་རྒྱལ་ཁབ་ཁག་གི་མིང་གཞུང་ཁོངས་སུ་བཞག་ཡོད་སྟབས། དེར་ངོ་རྒོལ་དང་སྐྱོན་བརྗོད་ཆེན་པོ་བྱུང་ནས་རྒྱ་ནག་ནང་བཀོལ་སྤྱོད་ཆེ་བའི་སྤྱི་ཚོགས་དྲ་རྒྱ་ཝི་བྷོའི་ཐོག་དགོངས་སེལ་གྱི་བསྒྲགས་གཏམ་ཞིག་སྤེལ་དགོས་ཁེལ་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།