ཁྲིམས་ཀྱི་ཐོབ་ཐང་བེད་ལོག་གཏོང་བ།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ཞེ་དྲུག་པ། “སྤྱི་འཐུས་ཀྱི་དམིགས་བསལ་ཐོབ་ཐང༌། ༡ སྤྱི་འཐུས་སུ་རུང་ནས་སྤྱི་འཐུས་ལྷན་ཚོགས་སམ། དེའི་ཚོགས་ཆུང་གང་རུང་ནང་གྲོས་མོལ་གླེང་ཕྱོགས་དང༌། འོས་བསྡུ་བྱེད་སྟངས་འགྲིག་མིན་གྱི་སྐོར་ལ་སུས་ཀྱང་ཁྲིམས་ཞིབ་ཁང་དུ་ཞུ་གཏུགས་མི་ཆོག”ཅེས་ཁ་གསལ་གྱི་ཐོག་ནས་འཁོད་ཡོད། དེ་ལྟར་འགོད་དགོས་པའི་རྒྱུ་མཚན་ནི་སྤྱི་འཐུས་ཤིག་གིས་གྲོས་ཚོགས་ནང་སྐྱོན་བརྗོད་བྱེད་དགོས་ས་ལ་བྱེད་ཕོད་པ་དང་། སྐྱོན་བརྗོད་དང་ཐེར་འདོན་བྱས་པའི་རྗེས་སུ་དེ་ལ་བརྟེན་ནས་ཁྲིམས་ཁང་དུ་ཞུ་གཏུགས་མི་ཆོག་པ་བཟོ་དགོས་དོན། སྤྱི་འཐུས་རྣམས་ལ་གྲོས་ཚོགས་ནང་སྨྲ་བརྗོད་རང་དབང་ལ་དམིགས་བསལ་ཁྲིམས་ཐོག་ནས་སྲུང་སྐྱོབ་བྱས་པ་ཞིག་ཏུ་གྱུར་ཡོད། དེ་ལ་བརྟེན་ནས་འཛིན་སྐྱོང་གི་ལས་དོན་ཐོག་དངོས་ཡོད་གནས་ཚུལ་གྱི་ཐོག་ནས་སྐྱོན་དང་ནོར་འཁྲུལ་རྣམས་རྣག་ཐོག་གཙག་ཁེལ་གྱི་ཐོག་ནས་བརྗོད་ཕོད་པ་དང་། གཞུང་གི་ལས་དོན་ཚགས་ཚུད་དང་སྲ་བརྟན་ཡོང་ཐབས་ལ་དམིགས་པ་ཞིག་རེད།
སྤྱི་འཐུས་ཁ་ཤས་ཀྱིས་གྲོས་ཚོགས་ནང་ཁ་མཆུ་གཏུགས་མི་ཆོག་པ་རྒྱུ་མཚན་དུ་བྱས་ནས། མི་གཞན་ལ་འགན་ཁུར་དང་ཁུངས་སྐྱེལ་ར་སྤྲོད་གང་ཡང་མེད་པའི་སྐྱོན་འཛུགས་བྱེད་མཁན་བྱུང་དང་འབྱུང་བཞིན་ཡོད། གལ་སྲིད་གྲོས་ཚོགས་ནང་མི་གང་ཞིག་ལ་སྐྱོན་འཛུགས་ཇི་ལྟར་བྱས་པ་ནང་བཞིན་གྲོས་ཚོགས་ཀྱི་ཕྱི་ནས་ཀྱང་ངེས་པར་དུ་བྱེད་ཐུབ་དགོས། འོན་ཀྱང་སྤྱི་འཐུས་རེ་ཟུང་གིས་སྐད་ཆ་གང་ཡིན་ཡང་བཤད་ས་གྲོས་ཚོགས་ཀྱི་ར་བ་འདི་ཁོ་ན་ཡིན། སྤྱི་འཐུས་ཤིག་གིས་སྤྱི་ཚོགས་དྲ་ལམ་ཁག་ཏུ་བཤད་པ་ནི་འགན་མ་ཁུར་བ་ཡིན་ཚུལ་བརྗོད་བཞིན་ཡོད་མོད། སྤྱི་འཐུས་ཤིག་ལ་མཚོན་ན་མི་གཞན་ལ་སྐྱོན་འཛུགས་ཀྱི་སྐད་ཆ་བཤད་པར་སྤྱི་ཚོགས་དྲ་ལམ་དུ་རང་ཉིད་ཀྱི་གདོང་པ་དངོས་སུ་བསྟན་ནས་བཤད་ཕོད་པ་ནི་འགན་ཆ་ཚང་ཁུར་བ་ཞིག་རེད། ཁྲིམས་ཐོག་ནས་བརྡ་འདེད་མི་ཆོག་པས། གྲོས་ཚོགས་ནང་འགན་མ་ཁུར་བའི་སྐད་ཆ་མང་པོ་བཤད། བརྒྱུད་ལམ་གཞན་གང་དུའང་མ་བཤད་ན་བཅའ་ཁྲིམས་ཀྱི་ཐོག་ནས་སྤྲད་པའི་ཐོབ་ཐང་དེ་བེད་སྤྱོད་ལོག་པར་བཏང་བ་ཞིག་རེད།
དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་ནང་གསལ་བའི་ལས་རིམ་རྣམ་གཞག་གི་བསམ་ཚུལ་དེ་ཡང་། སྒྲིག་གཞིའི་དགོངས་དོན་དང་ཡོངས་སུ་འགལ་བའི་ཐོག་ནས་བེད་སྤྱོད་ལོག་པར་གཏོང་མཁན་གྱི་སྤྱི་འཐུས་ཡོད་པ་ནི། ཚོགས་གཙོ་ལ་མཛད་དཀའ་ཆེ་ཤོས་དང་། གྲོས་ཚོགས་ཀྱི་ལས་རིམ་ནང་ནས་ཞན་ཆ་དང་གནོད་སྐྱོན་ཆེ་ཤོས་སུ་གྱུར་ཡོད་ཀྱང་། གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་གིས་ཤེས་བཞིན་དུ་ལས་རིམ་རྣམ་གཞག་གི་བསམ་ཚུལ་འདི་མུ་མཐུད་བེད་སྤྱོད་ལོག་པར་གཏོང་གི་ཡོད་པས། དཀའ་ངལ་འདི་ནི་མ་འོངས་པར་ཡང་དུས་ཐུང་ནང་གཙང་སེལ་ཐུབ་པ་ཞིག་ཏུ་འགྱུར་རྒྱུ་དེ་ལས་སླ་པོ་ཞིག་གཏན་ནས་མ་རེད། སྤྱི་འཐུས་རེ་ཟུང་གིས་སྐབས་རེ་ཁྲིམས་སྒྲིག་ནང་རང་ཉིད་སྲུང་སྐྱོབ་ཀྱི་ཐོབ་ཐང་ཞིག་ཡོད་པ་དེ་བེད་སྤྱོད་ལོག་པར་བཏང་ནས། ཁུངས་སྐྱེལ་དང་འགན་ཁུར་གང་ཡང་མེད་པའི་ཐོག་ནས་མི་གཞན་ནག་པོ་བཟོ་བའི་ལག་ཆ་ཙམ་ཞིག་ཏུ་སྒྱུར་བཞིན་འདུག
བཅའ་ཁྲིམས་དོན་ཚན་ཞེ་དྲུག་པ་དང་། ལས་རིམ་རྣམ་གཞག་གི་བསམ་ཚུལ་གཉིས་ཀ་གྲོས་ཚོགས་ཀྱི་ལས་རིམ་དེ་ཆེ་མཐོང་དང་ལྡན་པ་ཞིག་ཡོང་ཆེད་དུ་ཡིན་ཡང་། རང་ཉིད་ཀྱི་སྣང་བར་མི་འགྲོ་བའི་མི་རྣམས་ནག་པོ་བཟོ་ཆེད་འགན་ཁུར་དང་ཁུངས་སྐྱེལ་མེད་པའི་སྐད་ཆ་དཔེར་ན་མི་གསོད་ལག་དམར་དང་། རྒྱ་མིའི་གསང་མྱུལ། སྤྱི་ཚོགས་དཀྲུག་མཁན་སོགས་ཚིག་ངན་པ་གང་དྲན་དྲན་སྣ་ཚོགས་བེད་སྤྱོད་བཏང་ཡང་ཁ་མཆུ་གཏུགས་མཁན་མེད་བསམ་པའི་ཐོག་ནས་ཡོང་གི་ཡོད་པས། གནད་དོན་འདི་ནི་མི་སྒེར་སོ་སོའི་ངོས་ནས་བཤད་ན་ཁུངས་མེད་ཀྱི་གཏམ་འཆལ་ཡིན་ཡང་། ཁྲིམས་ཐོག་ནས་བརྡ་འདེད་བྱེད་མི་ཆོག་པས་ཉེན་ཁ་གང་ཡང་མེད། འོན་ཀྱང་འདིས་གྲོས་ཚོགས་སྤྱིའི་མཚན་མཐོང་ལ་གནོད་པ་མ་ཟད། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་གཅིག་སྒྲིལ་ལ་ཧ་ཅང་གནོད་སྐྱོན་ཆེན་པོ་ཡོད་པས། ཕྱོགས་ཡོངས་ནས་འགན་ཁུར་མ་ཐུབ་ན་སྤྱི་འཐུས་ལྷན་ཚོགས་ལ་ནུས་པ་གང་ཡང་མེད་པར་གྱུར་ནས་ཁྲིམས་སྒྲིག་ཁག་ལག་བསྟར་བྱེད་མཁན་གཏན་ནས་མེད་པ་ཞིག་ཏུ་འགྱུར་སྲིད།
མདོར་ན་གྲོས་ཚོགས་ནང་བཀའ་མོལ་གནང་ཆོག་མཁན་སྤྱི་འཐུས་རྣམ་པ་དང་། སྲིད་སྐྱོང་དང་བཀའ་བློན་རྣམ་པ་བཅས་ཚོགས་མི་སུ་ཡིན་ཡང་། ཁུངས་ལུང་རྒྱུ་མཚན་མེད་པའི་སྐད་ཆ་བཤད་མི་རུང་བ་དེ་གལ་ཆེན་པོ་ཡིན། གལ་སྲིད་ཁུངས་ལུང་རྒྱུ་མཚན་ཡོད་ཅིང་སྤྱི་ལ་ཕན་པའི་བཀའ་མོལ་ཞིག་གནང་རྒྱུ་ཡོད་ན། སུ་ལ་ཕོག་ཀྱང་འཛེམས་ཟོན་མི་དགོས་པར་ཐད་ཀར་བཤད་དགོས་པ་དེ་གལ་ཆེན་པོར་གྱུར་ཡོད། གྲོས་ཚོགས་ཀྱི་འཐུས་མི་སུ་ཡིན་ཡང་། དོན་དངོས་ཟུར་དུ་བཞག་ནས་རང་ཉིད་དང་འབྲེལ་ཡོད་མི་མང་གི་དགའ་ཕྱོགས་ཁོ་ན་བཤད་བསྡད་པ་ནི། རང་ཉིད་གོང་ཁེ་པོ་བྱས་ནས་བཙོངས་པ་དང་གཅིག་མཚུངས་ལྟ་བུར་གྱུར་ཡོད། སྐབས་རེ་རང་ཉིད་དང་འབྲེལ་ཡོད་མི་མང་གི་གནད་དོན་ཆ་ཚང་བ་མ་རྟོགས་པའི་ཐོག་ནས་བཤད་པའི་བསམ་ཚུལ་དང་རྒྱབ་འགལ་དུ་སོང་ཡང་། རྩ་དོན་དང་རྒྱུ་མཚན་གཙོར་བཟུང་གིས་ཤར་བསྐྱོད་བྱས་ན། རིམ་པས་རང་ཉིད་ཀྱི་འབྲེལ་ཡོད་མི་མང་ཡང་ཁ་ཕྱོགས་དེར་འཁྲིད་ཐུབ་པའི་ནུས་པ་གཏན་ནས་མེད་པ་ཞིག་ཏུ་འགྱུར་མི་སྲིད་པ་རེད།།