ཁྲིམས་སྒྲིག་དང་བསྟུན་མཁས།

ཆེད་བརྗོད།

སྤྱི་ཚོགས་ག་འདྲ་ཞིག་ཡིན་ནའང་ཁྲིམས་སྒྲིག་གཞི་ནི་སྤྱི་ཚོགས་ནང་དཀའ་ངལ་འཕྲད་པ་དེ་དག་སེལ་ཐུབ་པའི་ཆེད་དུ་དང་། ཡང་ན་གང་ཟག་གང་ཡང་རུང་བ་ཞིག་གིས་དབང་ཆ་བེད་སྤྱོད་ལོག་པར་མི་གཏོང་བའི་ཆེད་དུ་དམིགས་ནས་ཁྲིམས་དང་སྒྲིག་གཞི་བཟོས་པ་འབའ་ཞིག་ཡིན་ལ། གནས་སྟངས་འདི་འདྲ་ལ་བརྟེན་ནས་ཁྲིམས་དང་སྒྲིག་གཞི་ནི་སྤྱི་ཚོགས་ནང་རྒྱུ་ཆེ་ཆུང་དང་དབང་ཆེ་ཆུང་གང་ཡང་མེད་པར་ཚང་མ་ཁྲིམས་སྒྲིག་གཞིའི་འོག་ཏུ་འདྲ་མཉམ་ཡིན་པ་ལས། ཁྲིམས་དང་འགལ་ན་རྒྱུ་ནོར་དང་དབང་ཆ་ཡོད་མཁན་ལ་དམིགས་བསལ་གཏོང་ཐབས་མེད་པ་དང་། དབུལ་ཕོངས་དང་ཉམ་ཆུང་ལ་སྙིང་རྗེ་བལྟ་ས་གང་ཡང་མེད་པར་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཡིན་ཞེས་པའི་གནས་བབས་དེ་འདྲ་རེད། འོན་ཀྱང་གནས་སྟངས་ཁ་ཤས་ཀྱི་ཆ་ནས་ཆབ་སྲིད་ཀྱི་མགོ་ཁྲིད་དག་ལ་དམིགས་བསལ་གྱི་དབང་ཆ་ཡོད་པའི་སྐབས་ཡོད་ལ། མི་མང་ཉམ་ཆུང་ལ་ཁྲལ་ཆག་ཡང་སོགས་དམིགས་བསལ་ཡོད་པའི་སྐབས་ཀྱང་ཡོད་མོད། དེ་ནི་ཁྲིམས་ཀྱི་མདུན་སར་འདྲ་མཉམ་མིན་པའི་གནས་བབས་ཤིག་ཏུ་གོ་བ་ལེན་མི་འོས།

གང་ཟག་གང་ཡང་རུང་བ་ཞིག་གིས་ཁྲིམས་སྒྲིག་གཞི་དང་འགལ་བའི་ལས་དོན་ཞིག་བྱས་ན་འབྲེལ་བ་ཆེ་ཆུང་དང་དབང་ཆེ་ཆུང་ལ་གཞིགས་ནས་ཆག་ཡང་གཏོང་ཐབས་མེད་ལ། ཁྲིམས་སྒྲིག་ཡོད་བཞིན་ཟུར་དུ་བཞག་ནས་བསྟུན་མཁས་ཀྱིས་ནང་ཁུལ་ཐག་གཅོད་བྱས་ནས་འགྲིག་འཇགས་བྱེད་ཐབས་མེད། འདིར་བརྗོད་པའི་ཁྲིམས་ཀྱི་གནད་དོན་འདི་ལྟ་བུའི་རིགས་མང་པོ་ཞིག་འགོ་ཁྲིད་དང་ཆབ་སྲིད་དབང་འཛིན་པ་དག་དང་འབྲེལ་བ་ཡོད་པ་འབའ་ཞིག་ཡིན་ཞིང་། ཐད་ཀར་མི་མང་དཀྱུས་མ་དང་འབྲེལ་བ་མེད་པར་གཞུང་འཛིན་པ་དང་འབྲེལ་བའི་གནད་དོན་རིགས་ནི་བསྟུན་མཁས་གཞི་རྩར་བཞག་ནས་ཐག་གཅོད་བྱེད་དགོས་པ་ཞིག་མ་རེད། གལ་སྲིད་འདི་ལྟར་བྱས་ན་མ་འོངས་པར་མུ་མཐུད་ཆུ་ངན་ལམ་ཤོར་གྱི་ཐོག་ནས་དཀའ་ངལ་འཕྲད་ངེས་ཤིང་། མི་མང་དཀྱུས་མ་ཁོ་ན་དང་འབྲེལ་བའི་རྩོད་རྙོག་རིགས་ནང་ཁུལ་དུ་བསྟུན་མཁས་བྱས་ནས་ཐག་གཅོད་དགོས་པ་མང་པོ་ཡོད་ཀྱང་། དེ་ལ་བརྟེན་ནས་མ་འོངས་པར་སྤྱི་ཚོགས་ནང་ཤུགས་རྐྱེན་ངན་པ་ཐེབས་སྲིད་པའི་གནད་དོན་གང་ཡང་མེད་པས་རེད། 

སྤྱི་ཚོགས་གང་ཡིན་ཡང་ཁྲིམས་སྒྲིག་གཞི་ནི་སྤྱི་ཚོགས་དེ་ཉིད་ཞི་བདེ་ལྷིང་འཇགས་སུ་གནས་པའི་ཐབས་ཤེས་ཉག་གཅིག་ཡིན་ནའང་། ཁྲིམས་སྒྲིག་གི་གནད་དོན་ཁོ་ན་ལ་བརྟེན་ནས་སྤྱི་ཚོགས་དུམ་བུར་འཐོར་རྒྱུའི་ཉེན་ཁ་ཡོད་ན་ཁྲིམས་སྒྲིག་གི་དགོས་དོན་མ་འགྲུབ་པ་ལྟ་བུར་གྱུར་ཡོད། ད་ལྟ་བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་ཁྲིམས་སྒྲིག་དང་འབྲེལ་བའི་རྩོད་རྙོག་མང་པོ་ཞིག་ལྷགས་ཡོད་པ་དང་། དེ་ཡང་དོན་དངོས་སུ་རང་ཉིད་ཀྱི་འདོད་ཕྱོགས་ཁོ་ན་ཁྲིམས་མཐུན་ཡིན་པའི་རྒྱུ་མཚན་ཤོད་རེས་བྱེད་ཀྱི་ཡོད། དོན་དངོས་སུ་ཕྱི་ཟླ་༥ པའི་ནང་སྐབས་བཅུ་དྲུག་པའི་གྲོས་ཚོགས་འཕར་མ་འཚོགས་མ་ཐུབ་པར་བརྟེན། ཕྱི་ཟླ་༥ པའི་ཟླ་མཇུག་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཡོངས་སུ་སྦོ་ལུག་སྟེ་ཁྲིམས་སྒྲིག་གི་ཐོག་ནས་གོམ་པ་སྤོ་ཐབས་མེད་པའི་གནས་སྐབས་ཤིག་ཏུ་བསྒྱུར་ཟིན་པ་རེད། མ་འོངས་པར་དཀའ་ངལ་འདི་ཉིད་ཐབས་ལམ་ག་འདྲ་ཞིག་གི་ཐོག་ནས་ཐག་གཅོད་བྱེད་ཐུབ་མིན་བཤད་དཀའ་ནའང་། བཅའ་ཁྲིམས་ཀྱི་ཚིག་དོན་དང་མཐུན་པའི་ཐོག་ནས་ཐག་གཅོད་བྱ་རྒྱུའི་ལམ་ཁ་ཞིག་གང་ཡང་ལྷག་མེད།

ང་ཚོའི་མདུན་དུ་ལྷགས་པའི་དྲི་བ་ཆེ་ཤོས་ནི་གནད་དོན་འདི་ལྟ་བུའི་སྐབས་གུ་ཡངས་དང་བསྟུན་མཁས་ཀྱི་ཐོག་ནས་གནས་སྐབས་ཀྱི་ལས་དོན་ལྷུ་འགྲིག་ཐབས་བྱེད་དགོས་པ་རེད་དམ། ཡང་ན་མ་འོངས་པར་མུ་མཐུད་འདི་ལ་བརྟེན་ནས་བཙན་བྱོལ་བོད་མིའི་ཁྲིམས་སྒྲིག་ཁག་ནུས་མེད་དུ་མི་འགྱུར་བར་བསམ་བློ་གཏོང་དགོས་པ་རེད། གནད་དོན་འདི་གཉིས་འདེམས་ཀ་བྱེད་དགོས་པའི་དུས་ཚོད་ཅིག་ཏུ་གྱུར་ཡོད། དེ་བཞིན་བཙན་བྱོལ་བོད་པའི་སྤྱི་ཚོགས་སམ། བོད་མིའི་སྒྲིག་འཛུགས་འདི་ཉིད་འཐོར་ཞིག་ཏུ་སོང་ཡང་རང་ཉིད་ཀྱི་འདོད་ཕྱོགས་ཁོ་ན་མཁྲེགས་འཛིན་བྱེད་དགོས་པ་ཡིན་མིན་སོགས། ད་ལྟ་ང་ཚོའི་མདུན་དུ་ལན་འདེབས་དཀའ་བའི་དྲི་རྟགས་ཆེན་པོ་འབའ་ཞིག་ཡོད། ད་དུང་བོད་མིའི་སྒྲིག་འཛུགས་ཡར་འགྲོ་མར་འགྲོའི་ས་མཚམས་རྟ་ཁ་སྲབ་ཀྱིས་སྒྱུར་བའི་དུས་ཚོད་ཅིག་ཏུ་སླེབས་པ་རེད་དམ། ཡང་ན་རྒྱལ་ཁབ་ཀྱི་བདག་དབང་འཐབ་རྩོད་བྱེད་མཁན་གྱི་སྒྲིག་འཛུགས་ལ་མཚོན་ན། མང་གཙོ་དང་ཁྲིམས་སྒྲིག་ལས་ཆིག་སྒྲིལ་གལ་ཆེ་བར་བརྩི་དགོས་པ་རེད། འདི་ཡང་བསམ་བློ་གཏོང་དགོས་པའི་གནད་དོན་ཞིག་རེད།

མདོར་ན་དེ་རིང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཞིའི་གསལ་བསྒྲགས་ནང་། “བོད་མིའི་རྩ་དོན་འཐབ་རྩོད་རྒྱུན་སྐྱོང་དང་། ཆོལ་གསུམ་ཆིག་སྒྲིལ་གྱི་ནུས་པ་སྔར་ལྷག་ཡོང་ཐབས་བཅས་ལ་འབད་བརྩོན་གནང་དགོས་པ་ལས། དེ་སྔ་སྐབས་ ༡༦ པའི་སྤྱི་འཐུས་ལྷན་ཚོགས་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་དབར་བྱུང་བའི་རྙོག་གླེང་དང་། ད་རེས་སྐབས་ ༡༧ པའི་སྤྱི་འཐུས་དང་། སྲིད་སྐྱོང་བཅས་ཀྱི་དམ་འབུལ་ཞུ་ཕྱོགས་དང་འབྲེལ་ནས་ཁྲིམས་སྒྲིག་མཐུན་མིན་གྱི་གླེང་རྙོག་རིགས་ཕྱོགས་ཚང་མས་གཞུང་བསྟེན་སྲུང་མ་དམར་ནག་གཉིས་དཔང་པོར་བཞག་ནས་སླད་གནད་དོན་འདི་རིགས་རྩ་བ་ནས་གླེང་སློང་མི་དགོས་པ་གནང་རྒྱུའི་རེ་སྐུལ་ཞུ་རྒྱུ།“ཞེས་རྩལ་འདོན་གནང་སྟངས་ལ་བལྟས་ན། འཕོ་འགྱུར་བཏང་ཟིན་པའི་ཁྲིམས་ཞིབ་པ་རྣམས་རང་མོས་ཀྱིས་སྔར་གྱི་ལས་གནས་སུ་འཚང་བར་ཡང་གླེང་སློང་གང་ཡང་མི་བྱེད་ཅེས་ཆོས་སྐྱོང་དཔང་པོར་བཞག་ནས་མནའ་སྐྱེལ་བྱེད་དགོས་པ་ཞིག་ཏུ་གྱུར་མི་འདུག་གམ། དེ་ཡིན་ན་འདི་རྩོད་རྙོག་སེལ་བའི་ཐབས་ལམ་ཞིག་ཡིན་མིན་ཡང་དགོངས་པ་གཏིང་ཟབ་བཞེས་དགོས་པ་ཞིག་རེད།།