གཞས་མ་ཞིག་གིས་རྙིང་ཞེན་པ་ཚོར་ཁ་གཏད་བཅག་འདུག
ཨབ་གྷ་ནི་སི་ཐན་གྱི་གཞས་མ་ཨར་ཡ་ན་ས་ཡི་ཌེ་(Aryana Sayeed)ཡིས། རྙིང་ཞེན་རིང་ལུགས་པ་ཚོའི་ངོ་རྒོལ་དང་དྲག་རྒོལ་གྱི་སྡིགས་ར་ལ་དཔའ་མ་ཞུམ་པར། རོལ་དབྱངས་དགོངས་ཚོགས་འཚོགས་ཡོད་པ་རེད་འདུག
ཟླ་༨ པའི་ཚེས་༢༠ ཉིན་སྦི་སྦི་སི་གསར་ཁང་གི་དྲ་ཐོག་ཏུ་གནས་ཚུལ་བཀོད་གསལ། ཨབ་གྷ་ནི་སི་ཐན་གྱི་གཞས་མ་ས་ཡི་ཌེ་ལ་རྙིང་ཞེན་རིང་ལུགས་པ་མང་པོ་ཞིག་གིས། མོའི་དུག་ལོག་གོན་སྟངས་དང་སྐྲ་འཇོག་སྟངས་སོགས་ལ་ངོ་རྒོལ་གྱིས། སྲོག་གཅོད་རྒྱུའི་སྡིགས་ར་ཐེངས་མང་པོ་སླེབས་ཡོད་ཁར། ཉེ་བའི་ཆར་ཁོ་མོས་རོལ་དབྱངས་དགོངས་ཚོགས་ཤིག་འཚོག་འཆར་བྱས་སྐབས། རྙིང་ཞེན་རིང་ལུགས་པ་ཚོས་ཁོ་མོར་སྡིགས་ར་དང་དགོངས་ཚོགས་དེར་དྲག་རྒོལ་བྱ་རྒྱུའི་སྡིགས་ར་བསྐུལ་ཡོད་ཀྱང་། ཟླ་༨ པའི་ཚེས་༡༩ ཉིན་མོས་རོལ་དབྱངས་དགོངས་ཚོགས་ཐོག་གཞས་བཏང་ཡོད་པ་དང་། གཞོན་སྐྱེས་ཕོ་མོ་བརྒྱ་ཕྲག་མང་པོས་མཉམ་ཞུགས་བྱས་ཡོད་པ་རེད་འདུག
འདས་པའི་ཟླ་བ་ཁ་ཤས་ནང་ཨབ་གྷ་ནི་སི་ཐན་གྱི་རྒྱལ་ས་ཀ་སྦུལ་ནང་དུ། རང་མེད་གཞན་མེད་འབར་གས་མཁན་གྱིས་འབར་རྫས་གཏོར་བ་སོགས་ཀྱི་དྲག་རྒོལ་ཐེངས་མང་པོ་བསྟུད་མར་བྱུང་ཡོད་པས། དགོང་ཚོགས་དེ་ཐོག་མར་ཀ་སྦུལ་གྱི་རྩེད་རྭ་ཆེན་པོ་ཞིག་ལ་འཚོག་རྒྱུ་བྱས་འདུག་ཀྱང་། གཞུང་འབྲེལ་ལས་བྱེད་ཀྱིས་ས་གནས་དེར་བདེ་འཇགས་འགན་ལེན་མི་ཐུབ་སྐོར་བརྗོད་པས། དགོང་ཚོགས་དེ་རྒྱལ་སྤྱིའི་མགྲོན་ཁང་ཞིག་ཏུ་བདེ་འཇགས་གནས་ཚད་མཐོན་པོའི་འོག་འཚོགས་ཡོད་པ་རེད་འདུག
དགོང་ཚོགས་དེར་མཉམ་ཞུགས་བྱེད་མཁན་ཞིག་གིས། སྡིགས་ར་མང་པོ་བསྐུལ་མིན་ལ་མ་ལྟོས་པར། དེ་གར་བུད་མེད་མང་པོ་སླེབས་ཀྱི་མ་རེད་བསམས་ཡོད་ཀྱང་། བུད་མེད་མང་པོ་སླེབས་ཡོད་པ་དང་། བུད་མེད་ཁག་ཅིག་ལ་དེ་གར་སླེབས་དོན་དྲིས་པར། སྡིགས་ར་བསྐུལ་མཁན་ཚོར་ཁ་གཏད་གཅོག་ཆེད་ཡོང་བ་ཡིན་སྐོར་ལན་འདེབས་བྱས་སྐོར་བརྗོད་འདུག
དགོང་ཚོགས་མ་འཚོགས་པའི་ཉིན་གཅིག་གི་སྔོན་དུ། གཞས་མ་ས་ཡི་ཌེ་ཡིས་བཅར་འདྲི་ཞིག་ལ། མོའི་དུག་ལོག་གོན་སྟངས་དང་གཞས་སྣ་འཁྲབ་སྟོན་དེ་རིགས་ཨབ་གྷན་གྱི་རིག་གཞུང་ལ་དམའ་འབེབས་ཡིན་སྐོར་བརྗོད་ནས། སྲོག་གཅོད་རྒྱུའི་སྡིགས་ར་བསྐུལ་མཁན་མང་པོ་བྱུང་ཡང་། དགོང་ཚོགས་དེ་འཚོག་རྒྱུར་ཆོད་སེམས་བརྟན་པོ་ཡིན་སྐོར། དེ་བཞིན་ཨབ་གྷན་ནང་མི་ཁག་ཅིག་གིས་གླུ་དབྱངས་དང་དུས་ཆེན་ཁག་སྲུང་བརྩི་བྱ་རྒྱུར་ངོ་རྒོལ་བྱེད་ཀྱི་ཡོད་ཀྱང་། ཐེངས་འདིར་མི་མང་ཚང་མས་མཉམ་དུ་ཁོ་ཚོར་ཁ་གཏད་གཅོག་དགོས་པ་མཐོང་གི་ཡོད་སྐོར་བརྗོད་ཡོད་འདུག
དེ་སྔོན་ཁ་ཆེ་འཇིགས་སྐུལ་རིང་ལུགས་པས་ཨབ་གྷན་གྱི་གྲོང་གསེབ་མཱིར་ཛ་ཨུ་ལོང་ནང་། ཁ་ཆེ་འཇིགས་སྐུལ་རིང་ལུགས་པས་དྲག་རྒོལ་བྱས་ཡོད་པ་དང་། ཐེངས་འདིའི་དགོང་ཚོགས་ནས་ཐོབ་པའི་དངུལ་རྣམས། དྲག་རྒོལ་དེའི་ཁྲོད་ཚེ་སྲོག་ཤོར་བའི་མི་ཚོའི་ནང་མི་རྣམས་ལ་སྤྲད་རྒྱུ་ཡིན་སྐོར་གཞས་མ་ས་ཡི་ཌེ་ཡིས་བརྗོད་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།