གཞོན་ལྷན་གྱི་རྐང་སྤོལ་རྩེད་འགྲན་གཟེངས་རྟགས་དམག་མིའི་རུ་ཁག་ལ་ཐོབ་སོང་།
ཟླ་འདིའི་ཚེས་༡༠ ཉིན་གྱི་ཕྱི་དྲོ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་བྱས་པའི་རྒྱ་གར་ལ་ཐུགས་རྗེ་ཆེ་ཞེས་པའི་རྐང་སྤོལ་རྩེད་འགྲན་མཇུག་བསྒྲིལ་ཡོད་པ་དང་། རྩེད་འགྲན་དེའི་ནང་རུ་ཁག་༡༦ མཉམ་ཞུགས་བྱས་ཡོད་པ་རེད།
རྩེད་འགྲན་དེ་ནི་རྒྱ་གར་གཞུང་མང་ལ་ཐུགས་རྗེ་ཆེ་ཞུ་དང་། བོད་མི་གཞོན་སྐྱེས་བར་འབྲེལ་ལམ་དང་མཐུན་སྒྲིལ་ཡོང་ཆེད་དུ་གོ་སྒྲིག་བྱས་པ་ཞིག་ཡིན་འདུག་ལ། རྩེད་འགྲན་དེའི་ནང་བོད་མི་གནས་སྡོད་བྱེད་སའི་ས་གནས་བཅུ་དྲུག་ནས། རྩེད་འགྲན་པ་རུ་ཁག་༡༦ མཉམ་ཞུགས་བྱས་ཡོད་པ་རེད། དྷ་ས་བོད་ཁྱིམ་སློབ་གྲྭའི་རྩེད་ཐང་དུ་རུ་ཁག་བར་ཉིན་བཅུ་རིང་རྩེད་འགྲན་བྱས་པ་དང་། མཐའ་མའི་འགྲན་རྩོད་ནང་དམག་མི་རུ་ཁག་གིས་སྤོ་ལོ་གཉིས་བླུགས་པ་དང་། བདེ་སྐྱིད་གླིང་གཞོན་ལྷན་རུ་ཁག་གིས་སྤོ་ལོ་གཅིག་བླུགས་ནས་ཨང་དང་པོའི་གཟེངས་རྟགས་དམག་མི་རུ་ཁག་ལ་ཐོབ་ཡོད་པ་རེད། སྒེར་པ་རྩེད་འགྲན་པ་ཡག་ཤོས་ཀྱི་གཟེངས་རྟགས་དམག་མི་རུ་ཁག་གི་རྩེད་འགྲན་པ་འཕྲིན་ལས་ལ་ཐོབ་པ་དང་། སྒོ་སྲུང་ཡག་ཤོས་ཀྱི་གཟེངས་རྟགས་བདེ་སྐྱིད་གླིང་གཞོན་ལྷན་རུ་ཁག་ལ་ཐོབ་ཡོད་པ་རེད།
མཇུག་བསྡོམས་མཛད་སྒོའི་ཐོག་ཐོག་ཏུ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བསོད་ནམས་བསྟན་འཕེལ་ཕེབས་ནས་གསུང་བཤད་གནང་བ་དང་། མཐའ་མའི་རྩེད་འགྲན་གྱི་བྱ་དགའ་གནང་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།