གསེར་རྟ་བླ་རུང་སྒར་གཏོར་བཤིག་ལ་ངོ་རྒོལ།
རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་གྱི་གྲྭ་བཙུན་ཉུང་དུ་གཏོང་ཆེད་གྲྭ་ཤག་གཏོར་བཞིན་ཡོད་པ་དང་། ཟླ་འདིའི་ཚེས་༡༠ དགོང་མོ་དྷ་སར་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། དྷ་ས་ས་གནས་གཞོན་ལྷན་གྱི་གོ་སྒྲིག་འོག མར་མེའི་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་ཡོད་པ་རེད།
སྐབས་དེར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་བསྟན་འཛིན་ཚེ་ལྷས་ “རྒྱ་ནག་གཞུང་གིས་བླ་རུང་སྒར་གཏོར་བཤིག་གཏོང་བ་ནི་ཁྲིམས་འགལ་གྱི་བྱ་སྤྱོད་ཅིག་ཡིན་པ་དང་། འཛམ་གླིང་གི་མགོ་ཁྲིད་ཚོ་དང་རྒྱལ་སྤྱིའི་མང་ཚོགས་ལ་བྱ་སྤྱོད་དེར་ཉིས་འཛུགས་བྱེད་དགོས་པའི་ཞུ་བ་དང་རྒྱ་མི་དཔོན་རིགས་རྣམས་གདུག་རྩུབ་གནར་གཅོད་ཀྱི་ལས་གཞི་དེ་དག་ལ་ཁག་འགན་ཡོད་དགོས་པའི་འབོད་སྐུལ་བྱེད་ཀྱི་ཡོད། སོ་སོ་བོད་དོན་ལས་འགུལ་བ་ཞིག་ཡིན་པའི་ངོས་ནས་བོད་ནང་དུ་འབྱུང་བཞིན་པ་འདི་ལྟ་བུའི་དྲང་བདེན་མ་ཡིན་པའི་བྱ་སྤྱོད་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་”ཞེས་བརྗོད་འདུག
ཉིན་དེར་ལས་འགུལ་གོ་སྒྲིག་པས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན། “ཕྱི་ཟླ་༧ ཚེས་༢༠ ཉིན་ནས་རྒྱ་ནག་གཞུང་གི་ལས་དོན་རུ་ཁག་བཏང་ནས། གསེར་རྟ་བླ་རུང་སྒར་དངོས་སུ་གཏོར་འགོ་བཙུགས་པ་དང་། ད་ལྟ་མུ་མཐུད་གཏོར་བཞིན་ཡོད། གྲྭ་བཙུན་ཁྲི་གཅིག་ལྷག་ཡོད་པ་ལས། ལྔ་སྟོང་ལས་སྡོད་མི་ཆོག་པའི་བཀའ་རྒྱ་བཀྲམ་པ་དང་། གཞན་ཚང་མ་བླ་རུང་སྒར་ནས་ཕྱིར་ཕུད་གཏོང་གཏོང་གི་ཡོད་པ་རེད་” ཅེས་འཁོད་འདུག
གསལ་བསྒྲགས་དེའི་ནང་གྲྭ་ཤག་གཏོར་རྒྱུ་འགོ་བཙུགས་གྲབས་ཡོད་སྐབས་གསེར་རྟ་སྒར་ནས་བཙུན་མ་ཞིག་གིས་རང་སྲོག་བཅད་སྐོར་འཁོད་དོན། “བཙུན་མ་རིག་འཛིན་སྒྲོལ་མས་རང་སྲོག་གཅོད་དགོས་དོན་ནི་རང་ཉིད་རང་ཉིད་ཀྱི་སྡོད་གནས་དང་སློབ་གཉེར་བྱ་ཡུལ་གྱི་དགོན་ཆེན་ལ་བཙན་པོའི་དབང་ཤེད་ཀྱིས་གཏོར་བཤིག་བཏང་ཡང་། དྲང་བདེན་རྩོད་ས་མེད་པ་དང་། དཀའ་སྡུག་ཞུ་ཡུལ་མེད་པའི་དཀའ་སྡུག་འོག རང་སྲོག་བཅད་དེ་ངོ་རྒོལ་བྱས་ཡོད་འདུག མོའི་ཁ་ཆེམས་ཡི་གེའི་ནང་རྒྱ་ནག་གཞུང་གི་ཉམས་ཆུང་གི་དགོན་སྡེ་ནང་སོ་སོས་ཁུ་སིམ་པོའི་སློབ་གཉེར་བྱེད་བཞིན་པར་བརྙས་བཅོས་དང་གཉའ་གནོན་གྱིས་འདུག་བཟོད་མེད་པ་བཟོས་པའི་སྡུག་བསྔལ་དང་ན་ཟུག་ལ་མ་བཟོད་མ་ཐུབ་པར་རང་སྲོག་གཅོད་བྱུང་ཡོད་སྐོར་འཁོད་ཡོད་པ་རེད་”ཅེས་འཁོད་འདུག
དེ་བཞིན་ཟླ་འདིའི་ཚེས་༡༠ ཉིན་ཨ་རིིའི་ནིའུ་ཡོག་ནས་ས་གནས་གཞོན་ལྷན་དང་། ཁེ་ན་ཊ་ཀྲོ་རོན་ཀྲོན་དུ་བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ནས་རྒྱ་ནག་གི་གཞུང་ཚབ་སྒོ་རུ་ངོ་རྒོལ་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་གྱི་ཡོད་པ་རེད།
རྒྱ་ནག་གིས་གཞུང་འབྲེལ་ཡིག་ཆ་བཀྲམ་པའི་ནང་དགོན་པའི་མི་གྲངས་༥༠༠༠ ལ་ཚོད་འཛིན་བྱ་དགོས་པ་དང་། ཕྱིར་འབུད་བྱས་པའི་མི་གྲངས་དང་ཁང་པ་བཤིག་པའི་གྲངས་ཀ་གཉིས་མཐུན་དགོས་པ། སྡོད་ཁང་གི་གྲངས་ཀ་དང་མི་གྲངས་གཉིས་ཕན་ཚུན་བཤིབ་བསྡུར་ཀྱིས་བརྟག་དཔྱད་བྱ་དགོས་སྐོར་སོགས་གྲྭ་བཙུན་ཉུང་ཏུ་གཏོང་དགོས་པ་དང་། དེའི་འགན་ཁུར་གཙོ་བོ་ཁུལ་རིམ་པ་ནས་བྱེད་ཀྱི་ཡོད་སྐོར་སོགས་བསྒྲགས་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།
ཁེ་ན་ཊ་ཀྲོ་རོན་ཀྲོ་་