གསོལ་བ་སྨོན་ལམ་འདེབས་རྒྱུ་ཙམ་རེད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༠༤ ཕྱི་ལོ་ ༢༠༡༦/༧/༢༠
ཉེ་བའི་ཆར་སྲིད་སྐྱོང་འབུམ་རམས་པ་བློ་བཟང་སེང་གེས་གཙོ་སྐྱོང་འོག་བོད་རྒྱ་ཞི་མོལ་གྲ་སྒྲིག་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་༢༨ པ་འཚོགས་པ་དང་། ཚོགས་འདུ་གྲུབ་རྗེས་སྲིད་སྐྱོང་གིས་གསར་འགོད་པ་རྣམས་ལ་ཚོགས་འདུ་དེ་དང་འབྲེལ་བའི་གནས་ཚུལ་ངོ་སྤྲོད་གནང་བར་གཞིགས་ན། རྒྱལ་སྤྱིའི་ནང་གི་འགྱུར་ལྡོག་གསར་པ་ཁག་དང། དེའི་རྒྱབ་ལྗོངས། མ་འོངས་པའི་འཕེལ་ཕྱོགས་སོགས་ལ་གཞི་བཞག་ནས་བོད་དོན་གནས་བབས་ཀྱི་སྐོར་ལ་ཚོགས་འདུ་དེའི་ཐོག་བགྲོ་གླེང་གནང་ཡོད་པ་ཕྱོགས་ཙམ་རྟོགས་ཐུབ་པ་ཞིག་རེད། དེ་བཞིན་སྲིད་སྐྱོང་གིས་“ངས་དབུ་མའི་ལམ་གྱི་ཐབས་བྱུས་དེ་བཟང་ཤོས་དང་ཐབས་མཁས་ཤོས་ལ་བརྩི་ཡི་ཡོད། མ་འགྲུབ་བར་དུ་དེ་གནས་དགོས་ཀྱི་རེད་ལ། སྔ་ཕྱི་མ་གཏོགས་འགྲུབ་ཀྱི་རེད་བསམ་གྱི་འདུག འདེམས་ཀ་ཡང་དེ་མ་གཏོགས་ཡོད་མ་རེད་བསམ་གྱི་འདུག”ཅེས་ཀྱང་སྐབས་དེར་ནན་བརྗོད་གནང་འདུག རྗེས་ཀྱི་སྐད་ཆ་དེ་དུས་ཡུན་རིང་མོ་ནས་རྣ་བར་གོམས་པའི་བཀའ་མོལ་གཅིག་པུ་དེ་ཡིན་པ་ལས། གཞན་རེད་དང་མ་རེད་ཅེས་ཐག་བཅད་ནས་ཞུ་ཚོད་ཐིག་དཀའ།
འོན་ཀྱང་བོད་དོན་ཆབ་སྲིད་ཀྱི་གནས་བབས་ཐོག་ནས་བཤད་ན་ཕྱི་ལོ་༢༠༠༨ ལོའི་ལོ་མཇུག་ཙམ་ནས་བཟུང་རིམ་པས་གསོན་ཤུགས་ཉམས་ནས། ད་ཆ་མི་ལོ་དྲུག་ཅུ་ལ་ཉེ་བའི་རིང་གི་དུས་ཚོད་སྡུག་ཤོས་སུ་གྱུར་ཡོད་ཅེས་བརྗོད་ཆོག། སྤྱིར་རྒྱ་གཞུང་ལ་རྒྱུན་འཁྱོངས་གསུམ་ཡིག་ཐོག་ནས་ཁས་ལེན་བྱས་ཟིན་པའི་རྗེས་སུ་བོད་དོན་དང་རྒྱལ་སྤྱིའི་འགྱུར་ལྡོག་དང་འབྲེལ་བའི་གནད་དོན་དེ་གལ་ཆེན་པོ་མིན་པ་ཡང་ཕྱོགས་གཅིག་ནས་བལྟས་ན་ཧ་ཅང་གསལ་པོ་རེད། རྩ་བས་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་འཐབ་རྩོད་ལ་ཐུག་དུས་བསམ་བློ་རིང་ཐུང་དང། དམིགས་འདུན་དང་ཁ་ཕྱོགས་མི་འདྲ་བ་མང་པོ་ཡོད་པ་མ་ཟད། དེ་དག་ལའང་རང་རང་གི་ས་ནས་རིན་ཐང་རེ་ཡོད་པར་བརྩི་དགོས་པ་དེ་གལ་ཆེ་ཤོས་སུ་གྱུར་ཡོད། ཐབས་བྱུས་བཟང་ཤོས་དེ་གང་ཡིན་མིན་ཡང་ད་དུང་ཐག་བཅད་ནས་བཤད་རྒྱུ་ཧ་ཅང་སྔ་དྲགས་ཅིང། ད་ལྟ་གཞུང་གི་སྲིད་བྱུས་དེ་ཕྱི་ལོ་༡༩༧༤ ལ་རྩ་བ་བཙུགས། ཕྱི་ལོ་༡༩༧༩ ལ་ལོ་མ་རྒྱས་ནས་ད་བར་མི་ལོ་༤༢ ཙམ་སོང་ཞིང། ད་དུང་ཡང་དོན་དངོས་ཐོག་བཟང་ཕྱོགས་ཀྱི་གནས་ཚུལ་གསལ་པོ་ཞིག་མཐོང་རྒྱུ་གང་ཡང་མེད།
བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་རང་བཙན་གྱི་ལངས་ཕྱོགས་བཟུང་ན་མི་རིགས་ལ་ཤ་ཞེན་མེད་པ་དང། ༧གོང་ས་མཆོག་གི་བཀའ་དགོངས་མི་སྒྲུབ་མཁན་ཡིན་པའི་ལྟ་ཚུལ་འདི་ཕྱོགས་གང་ས་ནས་རླུང་ཡན་བཞིན་ཁྱབ་ཐུབ་པ་ཞིག་བྱུང་ཡོད་པ་དེ་ནི་འགྱུར་ལྡོག་ཆེ་ཤོས་ཡིན་ལ། རྒྱུན་འཁྱོངས་གསུམ་ཁས་ལེན་བྱས་ཟིན་རྗེས་འདི་ནི་རླབས་ཆེན་གྱི་གྲུབ་འབྲས་ཤིག་ཏུ་བརྩི་ཆོག་པ་ཞིག་ཡིན་སྲིད། ལམ་དབུ་མའི་ཁ་གཡང་འོག་ནས་རྒྱ་དམར་པོའི་དར་དམར་ཐོད་དུ་འཕྱར་མཁན་ཡང་རྒྱལ་གཅེས་པ་རུ་བརྩི་བཞིན་ཡང། རྒྱ་གཞུང་གི་མངོན་གསལ་ཅན་གྱི་སྲིད་བྱུས་གཅིག་ནི་བོད་རང་བཙན་སླར་གསོའི་ལས་འགུལ་ལ་ཕྱོགས་གང་ས་ནས་གནོན་ཤུགས་སྤྲོད་རྒྱུ་དང། དེ་ལ་བརྟེན་ནས་བོད་མི་རིགས་དེ་མིང་གི་ལྷག་མ་ཙམ་དུ་བསྒྱུར་རྒྱུའི་འཆར་གཞི་དེ་ཡང་ཚང་མས་ཤེས་གསལ་རེད། དེར་བརྟེན་གནས་སྟངས་གང་ཐད་ནས་བཤད་ཀྱང་བཙན་བྱོལ་དུ་གྱར་ནས་མི་ལོ་དྲུག་ཅུ་ལ་ཉེ་བའི་སྐབས་འདིར། རྩ་དོན་འཐབ་རྩོད་ཀྱི་གནས་བབས་ཐོག་ནས་སྐྱ་ཆད་སྔོ་རྡུགས་ཀྱི་དུས་ཚོད་ཅིག་ཏུ་སླེབས་ཡོད།
སྤྱིར་བོད་དོན་འཐབ་རྩོད་ནི་མི་རིགས་ཤིག་ཤི་གསོན་གྱི་གནད་དོན་ཡིན་པ་ལས། བྱས་རྗེས་འཇོག་མཁན་གཙོ་བོ་སུ་ཡིན་མིན་དང། སུའི་བསམ་ཚུལ་དེ་ཡག་ཤོས་ཡིན་མིན་རྩོད་པ་ཙམ་ཞིག་གཏན་ནས་མིན་ལ། དམའ་མཐའ་ས་ནས་བཤད་ན་མི་རེ་རེ་ལ་རང་ཉིད་ཀྱི་བུ་ཚ་ཕྱི་རབས་པ་རྣམས་ཀྱི་ཆེད་དུ་བསམ་ཚུལ་བཤད་རྒྱུའི་ཐོབ་ཐང་དང་འགན་ཁུར། གོ་སྐབས་བཅས་ཆ་ཚང་ཡོད་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། གོ་ས་མཐོ་དམན་དང་ནུས་ཤུགས་ཆེ་ཆུང་ཙམ་ལ་བལྟས་ནས་བསམ་ཚུལ་གྱི་རིན་ཐང་གཞལ་བ་ནི། གནའ་བོའི་དུས་ཀྱི་ལམ་ལུགས་རྙིང་སོང་ཞིག་ཏུ་གྱུར་ཟིན། བཀའ་ཤག་དང། བོད་རྒྱ་ཞི་མོལ་གྲ་སྒྲིག་ལས་དོན་ཚོགས་ཆུང་སོགས་གང་ཡིན་ཡང། བོད་རྒྱ་ཞི་མོལ་གྱི་ལས་དོན་ནི་འཕྲལ་ཕུགས་གང་ཐད་ནས་དགོངས་པ་བཞེས་དགོས་པ་ཞིག་ལས། གནས་སྐབས་ཀྱི་དོན་དག་ཆུང་ཙག་བོད་པ་ནང་ཁུལ་གྱི་ཚིག་གི་རྒྱལ་ཕམ་ཙམ་ལ་བརྟེན་ནས། ཁྱི་ལྟོགས་དང་གློ་བ་འཕྲད་པ་ལྟ་བུ་ཞིག་གནང་མི་རུང་བ་ནི་མི་རིགས་ཤིག་གི་ཁེ་ཕན་ཐོག་ནས་ཧ་ཅང་གལ་ཆེ་སྙམ།
མདོར་ན་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་ཤི་གསོན་རྩོད་སྐབས་མི་ཐོག་རེ་ཟུང་ལ་ཐག་གཅོད་མི་ཐུབ་པ་ཡོང་སྲིད་ཀྱང། རྩ་དོན་གྱི་ཐོག་ནས་གྲ་སྒྲིག་གཟབ་ནན་མ་བྱས་ན། བཙན་བྱོལ་ནང་གི་“ལྔ་བཅུ་”ལས་ལྡབ་བརྒྱ་འགྱུར་གྱིས་གལ་ཆེ་བ་ཆགས་ཡོད། རྩ་བས་ང་ཚོའི་ཡག་ཤོས་ཡིན་པའི་ལམ་ཁ་འདི་ཉིད་བརྒྱུད་ནས་གཞིས་བྱེས་མཉམ་འཛོམས་ཐུབ་པ་ཞིག་དགོས་པ་དེ་གལ་ཆེན་པོ་ཡིན་ནའང། མི་ལོ་བཞི་བཅུ་ཞེ་གཉིས་ཀྱི་ལོ་རྒྱུས་གནས་བབས་ལ་ཕྱི་མིག་ཤིག་བལྟས་ན་ད་དུང་གདེང་ཚོད་བརྟན་པོ་དང། ངོས་ཟིན་གསལ་པོ་ཡོད་མཁན་ཞིག་ཕལ་ཆེར་སུ་གཅིག་ཡོད་ཚོད་མི་འདུག འོན་ཀྱང་ད་ལྟའི་བཤད་སྟངས་ལ་བལྟས་ན་སྔོན་མ་ཧུའུ་ཡའོ་པང་གི་སྐབས་སུ་སྤྲད་པའི་དོན་ཚན་ལྔ་ལས་ཆེ་བའི་དམིགས་ཡུལ་ཞིག་གཏན་ནས་ཡོད་ཚོད་མི་འདུག དེར་བརྟེན་བོད་མི་ཞིག་ཡིན་ཕྱིན་ཆད་ནས་གསོལ་བ་སྨོན་ལམ་རེ་འདེབས་རྒྱུ་ཙམ་ལས་གཞན་མེད་པ་དང། དེང་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམ་པས་ཀྱང་ཉིན་ལྟར་ཞལ་འདོན་མང་པོ་གཞུང་འབྲེལ་གྱི་ཐོག་ནས་གསུང་གི་ཡོད་པ་མཐོང་དུས་རེ་བ་ཆེན་པོ་ཞིག་ཡོད་སྲིད་པ་འདྲ།།