གོ་ལའི་ཁྱོན་གྱི་མང་གཙོའི་ཉམས་ཉེས།
བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༡༠༦༤ ཡི་ཆེད་བརྗོད།
བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་༦༥ འཁོར་བ་རེད། འཛམ་གླིང་ཡུལ་གྲུ་གཞན་གྱི་མང་གཙོའི་ལམ་ལུགས་ནི་ཚེ་སྲོག་དང་ཁྲག་དྲོན་གྱིས་འགྲོ་སོང་བཏང་ནས་བྱུང་བ་ཞིག་ཡིན་ནའང། བཙན་བྱོལ་བོད་པའི་མང་གཙོའི་ལམ་ལུགས་ནི། མི་མང་གི་ཤེས་ཚད་དང་འདོད་མོས་ལ་མ་ལྟོས་པར་༧གོང་ས་མཆོག་གིས་བཙན་ཐབས་སུ་བསྩལ་བ་ཞིག་རེད། བཙན་བྱོལ་བོད་མིའི་མི་ལོ་༦༥ རིང་མང་གཙོའི་ལམ་ལུགས་ཡར་རྒྱས་དང་མདུན་བསྐྱོད་ག་རེ་བྱུང་ཡང་ཡོངས་རྫོགས་༧གོང་ས་མཆོག་གིས་སྐུལ་འདེད་གནང་བ་འབའ་ཞིག་ལས། མི་མང་གིས་རྩོད་ལེན་དང་དོན་གཉེར་བྱས་ནས་ཡར་རྒྱས་ཕྱིན་པའི་ལོ་རྒྱུས་གང་ཡང་མེད། མི་མང་གིས་དོ་སྣང་དང་རྩོད་ལེན་གྱི་རྣམ་པ་སྤྱི་དང་ལྷག་པར་དུ་འདས་པའི་མི་ལོ་བཅུ་ཕྲག་མ་ཟིན་ཙམ་གྱི་རིང་གང་བྱུང་བ་དག་ནི་མང་གཙོའི་ལམ་ལུགས་དང། ༧གོང་ས་མཆོག་གིས་མང་གཙོའི་ལམ་ལུགས་དར་སྤེལ་མཛད་པའི་དམིགས་ཡུལ་ལ་རྒྱབ་ཀྱིས་ཕྱོགས་པ་ཞིག་ཏུ་གྱུར་ཡོད་ཅེས་བརྗོད་ཆོག་པ་ཞིག་རེད།
མང་གཙོའི་ལམ་ལུགས་ནང་རང་དབང་དང་ཐོབ་ཐང་ཇི་སྙེད་ཅིག་ཡོད་པ་མ་ཟད། དེ་དང་མཚུངས་པའི་འགན་ཁུར་ཡང་གང་མང་ཞིག་ཡོད་པ་ནི་ཊམ་ཀ་གཅིག་གི་ཕྱོགས་ངོས་གཉིས་དང་གཅིག་མཚུངས་ཡིན་པས། ཕྱོགས་གཅིག་དགོས་པ་ལས་ཕྱོགས་ངོས་གཞན་དེ་མི་དགོས་ཞེས་འདོར་ཐབས་མེད་པ་བཞིན། བཙན་བྱོལ་བོད་མི་མང་དག་ཅིག་གིས་ཐོབ་ཐང་གང་ཡོད་པ་དེ་ལེན་ཐབས་བྱེད་པ་ལས། དེ་དང་མཚུངས་པའི་འགན་ཁུར་གང་ཡང་མི་ལེན་པ་ནི་མང་གཙོའི་ལམ་ལུགས་ཀྱི་རིན་ཐང་གང་ཡང་མ་ཤེས་པ་ལྟ་བུ་རེད། རྩ་བས་མང་གཙོའི་ལམ་ལུགས་བེད་སྤྱོད་བྱེད་པར་རང་བཙན་ཡོད་པའི་རྒྱལ་ཁབ་དང། འཐབ་རྩོད་བྱེད་བཞིན་པའི་སྐྱབས་བཅོལ་བའི་སྒྲིག་འཛུགས་གཉིས་བསྡུར་ཐབས་གཏན་ནས་མེད་པར། སྐྱབས་བཅོལ་བའི་སྒྲིག་འཛུགས་ཀྱི་མི་མང་ལ་མང་གཙོའི་གོ་རྟོགས་ཞན་པ་དང། བསམ་ཚུལ་མི་མཐུན་པ་ཤུགས་ཆེན་པོ་སླེབས་ཡོང་དུས་སྐབས་རེ་མང་གཙོའི་ལམ་ལུགས་ལ་ཁ་གཡར་ནས་སྒྲིག་འཛུགས་འཐོར་ཞིག་ཏུ་འགྲོ་བའི་རྒྱུ་རྐྱེན་དུ་འགྱུར་མི་སྲིད་པའང་མ་རེད།
རང་བཙན་ཡོད་པའི་རྒྱལ་ཁབ་ཀྱི་མང་གཙོའི་ལམ་ལུགས་ནང་གི་རྩོད་རྙོག་མང་པོ་ཞིག་སྲིད་གཞུང་སྲ་བརྟན་དུ་འགྱུར་བའི་ཆ་རྐྱེན་ཆགས་པ་ལས་འཐོར་ཞིག་གི་རྐྱེན་དུ་འགྱུར་བ་ཧ་ཅང་ཉུང། མང་གཙོའི་ཁེ་ཕན་ཆེ་ཤོས་ནི་མཐོ་དམན་དང་གྲལ་རིམ་གྱི་དབྱེ་བ་མེད་པར་ཤེས་ཡོན་དང་འཇོན་ཐང་ཡོད་ན་རྒྱབ་ཁབ་ཀྱི་འགྲོ་ཁྲིད་བྱེད་ཆོག་པ་དང། དབུལ་ཕྱུག་དང་མཁས་བླུན་གྱི་ཁྱད་པར་མེད་པར་གཅིག་མཚུངས་ཀྱིས་བསམ་ཚུལ་བཤད་ཆོག་པ་མ་ཟད། རང་ཉིད་ཀྱི་འདོད་མོས་བཞིན་དབུས་དང་ས་གནས་ཀྱི་འགོ་ཁྲིད་འདེམས་ཆོག་པ་དང། འོས་འདེམས་བྱས་པའི་འགོ་ཁྲིད་ཅིག་ལ་མཚོན་ན་མི་མང་གི་བསམ་ཚུལ་ལ་ཉན་འཇོག་མ་བྱས་ཐབས་མེད་ཡིན་པས། མི་མང་ནི་རང་བཞིན་གྱིས་དབང་ཆ་ཆེན་པོར་གྱུར་ཡོད། དམར་ཤོག་རྒྱལ་ཁབ་ཀྱི་འགོ་ཁྲིད་ཅིག་ལ་མཚོན་ན་རང་ཉིད་གོ་གནས་དེར་སླེབས་པར་མི་མང་དང་འབྲེལ་བ་གང་ཡང་མེད་པས། ཁོང་ཚོས་མི་མང་ལ་རོགས་སྐྱོར་བྱེད་པ་ནི་གཟིགས་སྐྱོང་ལྟ་བུ་ལས། གཡོལ་ཐབས་མེད་པའི་འགན་འཁྲི་ཞིག་ཏུ་བརྩི་དགོས་དོན་མེད།
ད་ལྟའི་ཆར་འཛམ་གླིང་གི་མང་གཙོའི་རུ་འདྲེན་པ་ལྟ་བུར་བརྩི་བའི་ཨ་རིའི་རྒྱལ་ཁབ་དང། མང་གཙོའི་རྒྱལ་ཁབ་ཆེ་ཤོས་རྒྱ་གར་གྱིས་མཚོན་མང་གཙོའི་ལམ་ལུགས་སུ་བསྐྱོད་བཞིན་པའི་རྒྱལ་ཁབ་དག་ལ་མཚོན་ནའང། དོན་དངོས་མང་གཙོའི་ལམ་ལུགས་ལ་བརྩི་མཐོང་ཆ་འཇོག་བྱེད་པའི་གོམས་སྲོལ་དེ་ཞན་དུ་འགྲོ་བཞིན་པ་མ་ཟད། རྒྱལ་ཁབ་ཀྱི་རྩ་དོན་ལས་སྲིད་དོན་ཚོགས་པའི་ཁེ་ཕན་གཙིགས་སུ་འཛིན་པ་དང། སྲིད་དོན་ཚོགས་པ་ལས་རང་ཉིད་ཁོ་ནའི་ཁེ་ཕན་གཙོ་བོར་འཛིན་བཞིན་པའི་ལམ་སྲོལ་དེ་དར་ཁྱབ་ཆེ་རུ་འགྲོ་བཞིན་ཡོད། འཛམ་གླིང་འཁྲུག་ཆེན་གཉིས་པ་མཚམས་བཞག་རྗེས་འཛམ་གླིང་ཁྱོན་ཡོངས་སུ་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ལམ་ལུགས་ཤུགས་ཆེ་དར་ཡོད་ནའང། ད་ལྟའི་ཆར་བསྐྱར་དུ་མི་རིགས་རིང་ལུགས་དང། རྒྱལ་ཞེན་རིང་ལུགས་དར་སྤེལ་བྱེད་བཞིན་ཡོད་པས་འགྲོ་བ་མིའི་ཐོབ་ཐང་ནི་གཞན་ལ་སྐྱོན་བརྗོད་བྱེད་པའི་ལག་ཆ་ཙམ་ལས་སྲིད་གཞུང་སོ་སོས་ལག་བསྟར་བྱ་རྒྱུའི་སྲིད་བྱུས་ཤིག་ཏུ་གྱུར་མེད་ཅེས་བརྗོད་ཆོག
མདོར་ན་བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་དར་ནས་མི་ལོ་༦༥ ཧྲིལ་པོ་འཁོར་བའི་ལོ་རྒྱུས་ལ་ཕྱི་མིག་ཅིག་བལྟས་ན། ད་ལྟའི་ཆར་ཡང་མི་མང་ལ་མང་གཙོའི་གོ་རྟོག་ཞན་པ་དང། ཆབ་སྲིད་སྡིངས་ཆའི་སྒང་གི་རྩོད་རྙོག་ཚང་མ་མི་དཀྱུས་མ་དག་གིས་སྒེར་གྱི་ཚོར་བ་དང་བསྲེས་ནས་རྩོད་རྙོག་བཟོ་བ་དང། རྩ་དོན་འཐབ་རྩོད་ལས་བཙན་བྱོལ་བོད་མི་ནང་ཁུལ་གྱི་རྩོད་རྙོག་གལ་ཆེར་བརྩི་བ། དེ་ཡང་སྲིད་དོན་པ་བྱེ་བྲག་པའི་ཁེ་ཕན་ནི་རྒྱལ་ཁབ་སླར་གསོའི་རྩ་དོན་ལས་གལ་ཆེར་བརྩི་བའི་དུས་ཚོད་ཅིག་ཏུ་གྱུར་པ་ནི། བཙན་བྱོལ་བོད་པའི་མང་གཙོའི་ལམ་ལུགས་ཀྱི་ཉམས་ཉེས་ཆེན་པོ་ཞིག་ཏུ་གྱུར་ཡོད། མང་གཙོའི་ལམ་ལུགས་ལ་བརྩི་མཐོང་དང་སྲུང་སྐྱོབ་ཚད་ལྡན་ཞིག་བྱེད་ཐུབ་ན་བོད་དོན་བདེན་མཐའ་མ་གསལ་གྱི་བར་དུ་བཙན་བྱོལ་བོད་གཞུང་སྲ་བརྟན་དུ་གནས་ཐུབ་པ་དང། གཞིས་བྱེས་ལྷན་འཛོམས་བྱུང་བའི་སྐབས་ཀྱང་མང་གཙོའི་ལམ་ལུགས་དེ་གཞིས་བཞུགས་བོད་མི་རྣམས་ལ་ལེགས་སྐྱེས་ཆེན་པོ་ཞིག་ཏུ་འགྱུར་ཐུབ་པའི་རེ་གཏན་ནས་མེད་པའང་མིན།།