གྲོས་ཚོགས་ཚོགས་དུས་དགུ་པ་དབུ་འཛུགས་སྐབས་དཔལ་ལྡན་ཚོགས་གཙོའི་གསུང་བཤད།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པ་དབུ་འཛུགས་སྐབས་དཔལ་ལྡན་ཚོགས་གཙོས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་སྐོར་དང་། བོད་ཀྱི་རྩ་དོན་འཐབ་རྩོད། ཚོགས་དུས་དགུ་པའི་ལས་རིམ་དང་འབྲེལ་གསུང་བཤད་གནང་སོང་།
ཟླ་འདིའི་ཚེས་༡༧ ཉིན་གྱི་ཞོགས་པར་ཉིན་གྲངས་བཅུ་གསུམ་རིང་གི་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པ་དེ། དཔལ་ལྡན་ཚོགས་གཙོ་དབུ་བཞུགས་ཐོག་དབུ་འཛུགས་གནང་སོང་།

ཚོགས་འདུའི་ལས་རིམ་གསུམ་པར་དཔལ་ལྡན་ཚོགས་གཙོས་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད་གནང་སྐབས། ཁོང་གིས་ཆབ་སྲིད་དང་འབྲེལ་བའི་ཐོག ཉེ་ཆར་གསུམ་བཅུའི་དུས་དྲན་ཐེེངས་༦༦ པའི་སྐབས་སུ། བཀའ་ཤག་གི་གསུང་བཤད་དང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་ཡོངས་ཁྱབ་སྤེལ་ཟིན་པའི་ནང་། ཆབ་སྲིད་ཀྱི་གནད་དོན་མང་པོ་ཞིག་གསུང་བཤད་ཁག་གི་ནང་ཚུད་ཡོད་པ་རེད། གསུམ་བཅུའི་དུས་དྲན་ཟེར་དུས། བོད་མི་ཚང་མས་དུས་ནམ་ཡང་བརྗེད་དུ་མེད་པའི་དུས་དྲན་གལ་ཆེན་པོ་ཞིག་ཆགས་ཡོད་ན་ཡང་། ཡིད་སྐྱོ་དགོས་པ་ཟེར་ནའང་འདྲ། གནས་སྟངས་སྡུག་པ་ཟེར་ནའང་འདྲ། བོད་ནང་གི་བོད་མི་རྣམ་པ་ཆགས་ཡོད་རེད། ཕྱི་ཟླ་༣ པ་འགོ་བཙུགས་པ་དང་། བོད་ནང་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་བ་དང་། གོ་ཐོས་ལྟར་ན། བོད་ནང་གི་མཐོ་སློབ་ཁག་གི་སློབ་ཕྲུག་ཚོ་ཕྱི་ཟླ་གསུམ་པའི་ནང་། ཕྱི་ལོགས་ལ་གང་བྱུང་ཕེབས་མི་ཆོག་པ་དང་། འདུ་འཛོམས་བྱེད་པ་དང་བསམ་ཚུལ་བཤད་པའི་གོ་སྐབས་མེད་པ། ས་གནས་ཁ་ཤས་དང་དགོན་སྡེ་ཁ་ཤས་ནང་། ཟླ་བ་གསུམ་པ་ཆ་ཚང་ལ་སློབ་གསོ་སྤེལ་བའི་ལས་འགུལ་སྤེལ་བའི་གནས་སྟངས་བྱུང་བསྡད་པ། ང་ཚོའི་ངོས་ནས་ཉིན་མོ་དེ་གལ་ཆེན་པོ་ཞིག་བརྩི་བཞིན་པ་ལྟར། རྒྱ་ནག་གིས་ཀྱང་བོད་ནང་དམ་དྲག་ཤུགས་ཆེ་རུ་བཏང་བ་དེ། རྒྱ་ནག་གི་སེམས་ལ་གནོང་ཡོད་པར་བརྟེན། དེ་འདྲ་གནང་གི་ཡོད་རེད་བསམ་གྱི་ཡོད། རང་དབང་ཡོད་ན་སྐབས་དེར་མང་ཚོགས་ཀྱི་བསམ་ཚུལ་དེ་ལེན་ཐུབ་པ་ཡིན་ན། གནས་ཚུལ་དེ་ཆ་ཚང་རྟོགས་ཀྱི་རེད། དེ་མ་ཡིན་པ་དྲག་གནོན་རང་གི་ཐོག ལོ་ངོ་༦༦ རིང་མུ་མཐུད་གནང་ན། ག་ཚོད་བར་དུ་འཁྱོག་གི་རེད། ག་ཚོད་བར་དུ་གནས་ཀྱི་རེད་ཟེར་བ་དེ་དྲི་བ་ཞིག་ཆགས་ཀྱི་འདུག
དེ་བཞིན། གསུམ་བཅུའི་དུས་དྲན་གྱི་ཉིན་རྗེས་མ་དེར། ༧གོང་ས་མཆོག་གིས་རྒྱ་མི་མཉམ་དུ་ལོ་ངོ་བདུན་ཅུ་ལྷག་གི་རིང་། འཐབ་རྩོད་དང་འབྲེལ་བའི་ཕྱག་དེབ་གསར་པ་དབྱིན་ཡིག་ཐོག་(Voice for the voiceless) ཞེས་པ་ཞིག་དབུ་འབྱེད་གནང་ཡོད་རེད། དེའི་ཐོག་ལ་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ནས་དོ་སྣང་ཤུགས་ཆེན་བྱུང་སོང་། དེའི་ནང་ནས་༧གོང་ས་མཆོག་གི་སྐུའི་ཡང་སྲིད་ཕེབས་ཕྱོགས་དང་འབྲེལ་གནས་ཚུལ་མང་པོ་ཞིག་ཐོན་སོང་།
དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུམ་བཅུའི་དུས་དྲན་གྱི་གསུང་བཤད་ནང་། ཡང་སྲིད་སྐོར་ཁ་གསལ་པོ་འཁོད་ཡོད་རེད། དེར་བརྟེན། རྒྱལ་སྤྱིའི་སྤྱི་ཚོགས་ནས་༧གོང་ས་མཆོག་གི་སྐུའི་ཡང་སྲིད་རེད། བོད་ཀྱི་གནད་དོན་དང་འབྲེལ་དོ་སྣང་ཤུགས་ཆེ་རུ་འགྲོ་བ་དང་མཉམ་དུ། རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ནས་དེར་ལན་འདེབས་གནང་བའི་གནས་སྟངས་བྱུང་སོང་། ང་ཚོས་སྤྱི་ཡོངས་ཀྱི་གནས་སྟངས་ལ་ལྟ་དུས། ༧གོང་ས་མཆོག་གི་སྐུའི་ཡང་སྲིད་ཕེབས་རྒྱུ་དེ། དུས་རྒྱུན་དུ་ཆོས་ཕྱོགས་ནས་བོད་ཀྱི་ནང་པའི་འགྲོ་སྟངས་ཤིག་གི་ཐོག་ནས་འགྲོ་དགོས་པའི་གནས་སྟངས་ཤིག་ཆགས་ཡོད་རེད། ལྷག་དོན་དུ། ཡང་སྲིད་ཟེར་བ་དེ་སྐུ་གོང་མའི་མཛད་པ་འཕྲིན་ལས་མཐའ་འཁྱོང་གནང་མཁན་ཞིག་དགོས་པའི་གནས་སྟངས་ཆགས་ཡོད་རེད། ཆབ་སྲིད་ཀྱི་དགོས་མཁོ་དང་འབྲེལ། དེར་ལག་པ་བཅངས་ན། རྒྱལ་སྤྱིའི་སྤྱི་ཚོགས་དང་བོད་ནང་རེད། ལྷག་པར་དུ་རྒྱ་ནག་མི་མང་གིས་དེར་ཡིད་ཆེས་བྱེད་མི་ཐུབ་པའི་གནས་སྟངས་གསལ་པོ་ཆགས་ཡོད་རེད། དེའི་ཐོག་ནས་ང་ཚོས་བསྒྲུབ་དགོས་པའི་གནས་ཚུལ་ཁ་ཤས་ཤིག་ཆགས་ཡོད་རེད། ཕྱི་ལོ་༢༠༡༡ ལོར། ༧གོང་ས་མཆོག་གི་མཚན་ཐོག་ནས་ཡང་སྲིད་ཕེབས་ཕྱོགས་སྐོར་ཡོངས་ཁྱབ་ཡིག་ཆ་ཤིག་གསལ་བསྒྲགས་གནང་ཡོད་རེད། དེའི་ནང་༧གོང་ས་མཆོག་གིས་ངོས་རང་རྒྱལ་བ་དགེ་འདུན་གྲུབ་པའི་སྐུ་ཚེའི་དུས་ཚོད་ཕེབས་པ་ཡིན་ན། ཡང་སྲིད་ཕེབས་དགོས་མིན་དང་། ཡང་སྲིད་ངོས་འཛིན་བྱེད་ཕྱོགས། དེའི་གནས་སྟངས་དེ་ཚོ་ཡིག་ཐོག་ནས་གསལ་པོ་འཇོག་གི་ཡིན་ཟེར་ནས་བཀའ་ཕེབས་ཡོད་རེད། ཉེ་ཆར་ཕྱག་དེབ་དེའི་ནང་། ཡང་སྲིད་སྐོར། དགུང་ལོ་དགུ་བཅུར་ཕེབས་པའི་མཚམས་ལ། ༧གོང་ས་མཆོག་གིས་ཡང་སྲིད་སྐོར་ཁ་གསལ་པོ་གསལ་བསྒྲགས་གནང་རྒྱུའི་དགོངས་གཞི་ཞིག་འདུག ༧གོང་ས་མཆོག་གི་ཡང་སྲིད་ཕེབས་ཕྱོགས་ཀྱི་ཐོག་མྱུར་པོ་དང་ཁ་གསལ་པོའི་ཐོག རྒྱལ་སྤྱིའི་སྤྱི་ཚོགས་ནང་ངོས་འཛིན་གསལ་པོ་ཡོང་ཐུབ་རྒྱུའི་ཐབས་ལམ་མྱུར་པོ་བྱེད་ཐུབ་དགོས་རྒྱུ་གལ་ཆེན་པོ་རེད་ཤག་ཅེས་གོ་སྐབས་འདི་བརྒྱུད་ནས་ཞུ་རྒྱུ་ཡིན།
དེ་བཞིན་ཉེ་ཆར། རྒྱ་ནག་གི་ཚོགས་འདུ་གཉིས་དེ་ཚོགས་ཚར་ཙམ་རེད། རྒྱ་ནག་སྲིད་གྲོས་ཀྱི་ཚོགས་འདུ་དང་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་ཟེར་ནས། མི་ལྔ་སྟོང་ཡན་མན་འཛོམས་ནས་ཚོགས་ཆེན་འཚོགས་ཀྱི་ཡོད་རེད། དེའི་ནང་རྩ་བའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་ཐོག་བལྟས་པ་ཡིན་ན། རྒྱ་ནག་གི་ནང་། དཔལ་འབྱོར་གྱི་གནས་སྟངས་ཀྱི་ཐོག་ལ་གདོང་ལེན་བྱེད་དགོས་པའི་གནས་སྟངས་མང་པོའི་ཐོག་གླེང་སློང་གནང་གི་འདུག
དེ་བཞིན་ང་ཚོ་བོད་དོན་དང་འབྲེལ་བའི་ཐོག བོད་རང་སྐྱོང་ལྗོངས་ཟེར་བ་ནས་སྐུ་ཚབ་ཕེབས་མཁན་རེད། བོད་དང་འབྲེལ་བའི་མགོ་ཁྲིད་ཁག་ཅིག་གིས་གསལ་བསྒྲགས་གནང་བ་ལྟར་ན། བོད་ནང་བརྟན་ལྷིང་དགོས་ཀྱི་ཡོད་པ། བོད་ཕྱི་ཕྱོགས་ནས་བོད་ནང་གི་གནས་སྟངས་དེ་ཚོ་འགྲེལ་བརྗོད་གནང་ཕྱོགས་དག་དངོས་ཡོད་གནས་ཚུལ་མ་ཡིན་པ། བོད་ནང་ཡར་རྒྱས་ཡོད་པ། བདེ་སྐྱིད་ཡོད་པ་མུ་མཐུད་བརྗོད་པའི་གནས་སྟངས་ཆགས་ཀྱི་འདུག དེ་འདྲ་ཡིན་དུས། གོང་དུ་ཞུས་པ་བཞིན། གསུམ་བཅུའི་དུས་དྲན་སྐབས། རྒྱ་ནག་གིས་བོད་ནང་དམིགས་བསལ་དམ་དྲག་བྱེད་ཀྱི་ཡོད་རེད། བོད་ནང་གི་གཞིས་ལུས་མི་མང་གི་མངོན་འདོད་དང་ལྷག་བསམ། སེམས་ཤུགས་དེ་ཧ་ལས་པ་དང་ཤུགས་ཆེན་པོ་ཡོད་པའི་གནས་སྟངས་ཆགས་ཡོད་རེད། རྒྱ་ནག་གཞུང་གི་བཀོད་བྱུས་འོག འགྲོ་དགོས་མཁན་རིགས་གཅིག་གིས་དེ་འདྲ་བཤད་ཀྱི་ཡོད་རེད། དངོས་ཡོད་གནས་ཚུལ་ལ་དེ་འདྲ་མ་རེད་ཟེར་ནས་ལན་རྒྱག་ཐུབ་རྒྱུའི་སྤོབས་པ་དང་གདེང་ཚོད་ང་ཚོ་ལ་ཡོད་པའི་གནས་སྟངས་ཆགས་ཀྱི་འདུག
ང་རང་ཚོ་བཙན་བྱོལ་ལ་གྱར་ནས་ལོ་ངོ་༦༦ འགྲོ་གི་ཡོད་རེད། དུས་ཚོད་དེའི་རིང་། ༧གོང་ས་མཆོག་གི་མཛད་པ་འཕྲིན་ལས་དང་། ང་རང་ཚོའི་མི་རབས་རྒན་པ། ད་ལྟའི་མི་རབས། དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས། ལྷག་པར་དུ་གནས་ཡུལ་རྒྱ་གར་གཞུང་གི་མཐུན་སྦྱོར་དང་རྒྱབ་སྐྱོར་ལ་བརྟེན། ང་ཚོ་བོད་ཀྱི་རྩ་དོན་འཐབ་རྩོད་རེད། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག དམིགས་བསལ་ང་ཚོ་གསོན་པོར་གནས་ཐུབ་རྒྱུ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་དོ་སྣང་བསླེབས་ཐུབ་པའི་གནས་སྟངས་དེ་འདྲ་ཞིག་ཆགས་ཡོད་རེད།
ང་ཚོ་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་ཡིན་ན་འདྲ། གནད་ཡོད་མི་སྣ་རྣམས་ཀྱི་དགོངས་པ་བཞེས་ཕྱོགས་དང་འགན་འཁུར་ཞུ་ཕྱོགས་ཡིན་ནའང་འདྲ། དེ་མུ་མཐུད་ནས་གནས་ཐུབ་རྒྱུ་དང་། ནུས་པ་ཆེ་རུ་ཡོང་ཐུབ་རྒྱུའི་དགོངས་པ་བཞེས་དགོས་པ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཤག དེ་ཡིན་དུས། ང་ཚོ་རྩ་དོན་འཐབ་རྩོད་བྱེད་མཁན་གྱི་མི་རིགས་ཤིག་ཡིན་པའི་ཆ་ནས།
རྩ་དོན་འཐབ་རྩོད་དེ། རྒྱལ་སྤྱིའི་སྤྱི་ཚོགས་ཡིན་ནའང་འདྲ། བོད་ནང་གི་གནས་སྟངས་ཡིན་ནའང་འདྲ། ང་ཚོ་བཙན་བྱོལ་ནང་གི་གནས་སྟངས་ཀྱི་ཐོག་ནས་ཆབ་སྲིད་ཀྱི་འཐབ་རྩོད་དེ་མུ་མཐུད་ནས་གནས་ཐུབ་རྒྱུ། གཉིས་པ་དེ། ང་ཚོས་ཐབས་བྱུས་དང་ལྡན་པའི་ཐོག་འཐབ་རྩོད་བྱ་ཡུལ་ལ་ཤུགས་རྐྱེན་ཐེབས་ཐུབ་རྒྱུ། གསུམ་པ་དེ། འཐབ་རྩོད་བྱེད་མཁན་ཚོའི་ནང་བསམ་ཚུལ་མ་མཐུན་པ་ཡོང་བ་ཡིན་ཡང་། རྒྱུ་མཚན་དང་ལྡན་པའི་ཐོག་གོ་བསྡུར་བྱས་ནས་ནུས་པ་མཉམ་སྤུངས་ཡོང་བ་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་འདུག དེ་ཡོང་གི་འདུག་མི་འདུག ང་ཚོས་དྲི་བ་དྲིས་ནས་དེ་ཡོང་བར་ཐབས་ཤེས་ག་རེ་གནང་དགོས་ཀྱི་འདུག དེར་དགོངས་པ་བཞེས་དགོས་པ་དེ་གལ་ཆེན་པོ་རེད་ཤག
༧གོང་ས་མཆོག་གི་ཕྱག་དེབ་གསར་པའི་མཇུག་དེར་གསུངས་ཤིག་འདུག ༧གོང་ས་མཆོག་གིས་དེང་གི་རྒྱ་ནག་དམར་ཤོག་གི་བཙན་འཛུལ་བའི་དུས་སྐབས་ནག་པོ་འདི་མཐའ་མེད་པ་ལྟར་སྣང་ཡང་། ང་ཚོའི་ལོ་རྒྱུས་རིང་པོའི་ནང་དུ། འདི་ནི་རྨི་ལམ་ངན་པ་ཐུང་ངུ་ཞིག་རེད། དེ་བཞིན་སྤྲིན་པའི་རྒྱབ་ན་ཉི་མ་གསལ་བོ་ཞིག་སྒུག་ཡོད་པ་ནམ་ཡང་མ་བརྗེད། རེ་བ་ནམ་ཡང་མ་འདོར་ཟེར་ནས། གང་ལྟར་དུས་ཚོད་དེ་འདྲའི་གནས་སྟངས་ཀྱི་ཐོག ང་ཚོ་སེམས་ཤུགས་མ་ཆགས་པའི་ཐོག་རྩ་དོན་འཐབ་རྩོད་ཀྱི་ཐོག་ལ་ཚང་མས་ནུས་པ་མཉམ་སྤུངས་བྱེད་ཐུབ་པ་དགོས་རྒྱུ་དེ་གལ་ཆེན་པོ་རེད་ཤག་ཅེས་ཞུ་འདོད་བྱུང་ཞེས་གསུང་བཤད་གནང་སོང་།
གཞན་ཡང་། ཁོང་གིས་ཚོགས་དུས་དགུ་པའི་ལས་རིམ་དང་འབྲེལ། ནམ་རྒྱུན་ལྟར་ལས་ཉིན་དང་པོའི་རིང་། གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་ཁག་ཅིག་ཁྱེར་ཡོད་པ་དང་། གྲོས་ཚོགས་ཀྱི་ལས་ཉིན་མང་ཆེ་བ་དེ་དཔལ་འབྱོར་ལས་དོན་གྱི་ཐོག་ལ་འགྲོ་གི་ཡོད་པ་རེད། ཨ་རིའི་སྲིད་གཞུང་གསར་པས་ཕྱོགས་ཕྱོགས་ཀྱི་རོགས་སྐྱོར་གྱི་ལས་དོན་ཁག་ལ་བསྐྱར་ཞིབ་དང་ལག་བསྟར་བརྒྱུད། བོད་མིའི་སྒྲིག་འཛུགས་ཀྱི་ལས་འཆར་དང་སྔོན་བརྩིས་ཁག་ལ་ཤུགས་རྐྱེན་ཐེབས་ཡོད། དེ་བཞིན་ཁྲིམས་བཟོའི་ལས་དོན་ཁག་ཅིག་ཕེབས་ཀྱི་ཡོད་པ་དང་། སྤྱི་འཐུས་རྒྱུན་ལས་དང་བཀའ་ཤག་ནས་གྲོས་ཆོད་ཁག་ཅིག་ཕེབས་ཀྱི་ཡོད་པ་རེད། གྲོས་ཚོགས་ཚོགས་དུས་དགུ་པའི་ལས་ཉིན་༡༣ རིང་། ཚང་མས་དོན་ཕན་ལྡན་པ་ཡོང་ཕྱིར་འགན་འཁུར་བཞེས་པའི་འབོད་སྐུལ་ཞུས་སོང་།
གསར་འགོད་པ། བློ་བཟང་རྒྱ་མཚོ།