གྲོས་ཚོགས་ལས་ཉིན་༧ པར་ཁྲིམས་འཆར་ཡིག་ཆ་ཁག་ཅིག་གི་བརྗོད་པ་དང་པོ་དང་སྔོན་རྩིས་གཏན་འབེབས་བཅས་གནང་སོང་།

སྐབས་༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཀྱི་ཚོགས་དུས་དགུ་པའི་ལས་ཉིན་༧ པ་དཔལ་ལྡན་ཚོགས་གཙོ་དབུ་བཞུགས་ཐོག་དབུ་འཛུགས་གནང་ནས། ཁྲིམས་བཟོའི་ལས་དོན་གྱི་ཡིག་ཆ་ཁག་ལས། ཡིག་ཆ་ཨང༣༢ པ། བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་གི་ཁྲིམས་འཆར། ཡིག་ཆ་ཨང་༣༣ པ། བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་དཔང་རྟགས་རྩ་འཛིན་ཁྲིམས་ཡིག་གི་ཁྲིམས་འཆར།  ཡིག་ཆ་ཨང་༣༤ པ། བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་ཁྲིམས་ལུགས་དབང་འཛིན་གྱི་རྩ་འཛིན་ཁྲིམས་ཡིག་གི་ཁྲིམས་འཆར་བཅས་ཀྱི་ཐོག་བརྗོད་པ་དང་པོ་གཏན་འབེབས་ཟིན་རྗེས།

པར། བོད་མིའི་སྒྲིག་འཛུགས།

མུ་མཐུད་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་ཐོག་སྤྱི་ཡོངས་བགྲོ་གླེང་དང་། གཏན་འབེབས་གནང་སོང་། སྐབས་དེར་སྤྱི་འཐུས་རྣམ་པས། ཧྥ་རན་སི་ལ་ས་གནས་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་གཉིས་ཀྱི་སྣེ་ཁྲིད་འོག གཞོན་སྐྱེས་མང་པོ་མཉམ་ཞུགས་ཀྱིས་འགྲེམས་སྟོན་ཁང་གཉིས་ལ་ཞུ་གཏུག་དང་ངོ་རྒོལ་གྱི་ལས་འགུལ་ཧ་ཅང་ཡག་པོ་སྤེལ་བར་བསྔགས་བརྗོད་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དེ་སྤྱི་འཐུས་ལྷན་ཚོགས་དང་ཐད་ཀར་འབྲེལ་བ་བྱས་ནས་ལས་དོན་བྱེད་མྱོང་མཁན་གྱི་ཚོགས་པ་གལ་ཆེན་ཞིག་ཡིན་པས། བོད་ཀྱི་རྩ་དོན་གཞི་ལ་བཞག་ནས་ལས་དོན་གཉེར་དགོས་པ་མ་གཏོགས། ནང་ཁུལ་དཀའ་རྙོག་ཐོག་ལག་པ་བཅངས་ནས་ཚོགས་པའི་ཁ་ཕྱོགས་གཞན་ལ་འཁྲིད་མི་རུང་བ། སྦེལ་ཇམ་དོན་གཅོད་ཀྱི་ཕྱོགས་སུ་ལྷུང་བའི་ལས་ཀ་བྱས་ཡོད་མེད་སོགས་ཀྱི་ཐོག་དོགས་འདྲི་དང་དགོངས་ཚུལ་ཕུལ་བར། དཔལ་ལྡན་ཕྱི་དྲིལ་བཀའ་བློན་གྱིས་ལན་འདེབས་གསལ་བཤད་གནང་རྗེས། སྦེལ་ཇམ་དང་ལྷོ་ཨ་ཕི་རི་ཀ། ཐའེ་ཝན། ལྷོ་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་རྒྱུན་གྲོན། དམིགས་བསལ། ཟུར་བཀོལ། དེ་བཞིན་བོད་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་ཁག་གི་རྒྱུན་གྲོན། དམིགས་བསལ། དབུས་འོས་བསྡུ་ལས་ཁུངས་ཀྱི་རྒྱུན་གྲོན། དམིགས་བསལ། ཟུར་བཀོལ། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་རྒྱུན་གྲོན། དམིགས་བསལ། ཟུར་བཀོལ། སྤྱི་ཁྱབ་རྩིས་ཞིབ་ལས་ཁང་དང་། ལྷོ་ཕྱོགས་རྩིས་ཞིབ་ཡན་ལག བལ་ཡུལ་རྩིས་ཞིབ་ཡན་ལག བདེ་སྐྱིད་གླིང་རྩིས་ཞིབ་ཡན་ལག་བཅས་ཀྱི་སྔོན་རྩིས་གཏན་འབེབས་གནང་། དེ་བཞིན་དཔལ་འབྱོར་ལས་ཁུངས་ཀྱི་སྔོན་རྩིས་གཏན་འབེབས་ཀྱི་ལས་རིམ་ཐོག་ལས་ཉིན་བདུན་པ་གྲོལ་སོང་།

གསར་འགོད་པ། བློ་བཟང་རྒྱ་མཚོ།