ང་ཚོ་བོད་དགེ་ཚོས་འབྲི་ཀློག་ལ་ཤུཌ་རྒྱག་ཆོག

བེ་རི་རྒྱལ་སྲས། དགེ་འོས་མཐོ་སློབ།

འདོད་པ་མེད་དུ་ཁས་ལེན་དགོས་པ་གཅིག་ནི་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ནས་འཛིན་རིམ་བཅུ་གཉིས་ཐོན་པ་རྣམས་ཀྱིས་ཨིན་བོད་གང་གི་ནང་དུའང་གཏོང་ཡིག་ཙམ་ཡང་འབྲི་མི་ཤེས་པའི་དབང་གིས་༸རྒྱལ་དབང་མཆོག་ཐུགས་ཕམ་བྱུང་བའི་གནས་ཚུལ་བྱུང་ཡོད་པ་ནི་སྔོན་གྱི་ལོ་རྒྱུས་ཙམ་མ་ཡིན་པར། ད་ལྟའི་བོད་ཕྲུག་དག་གི་ཨིན་བོད་ཀྱི་ཤེས་ཚད་སྔར་ལས་ཇེ་ཞན་དུ་འགྲོ་བཞིན་ཡོད་པ་ནི་མིག་མཐོང་ལག་ཟིན་ཡིན། སྐབས་སུ་བབ་པའི་བོད་ཡིག་གི་གནས་ཚད་ལ་གཞིགས་ན་ཡང་། འཛིན་རིམ་བཅུ་གཉིས་ཐོན་པའི་སློབ་ཕྲུག་དེ་དག་གཏོང་ཡིག་ཕར་ཞོག་རང་ཉིད་ཀྱི་མིང་དང་ངོ་སྤྲོད་ཅིག་འབྲི་དགོས་ན་ཡང་། གཅིག་ནས་ཡིག་གཟུགས་སྐྱོ་བ། གཉིས་སུ་དག་ཆ་ཆེས་ཞན་པ། གསུམ་དུ་བརྡ་སྤྲོད་ཀྱི་འགྲོ་སྟངས་རགས་པ་ཙམ་ཡང་མི་ཤེས་པ་སོགས་མིག་གིས་མཐོང་ན་མ་གཏོགས་ཡིད་ཆེས་དཀའ་བའི་གཞོན་སྐྱེས་འདི་དག་རིག་འོངས་དུས། ང་ཚོས་གང་ཞིག་ནས་ནོར་སོང་བ་རེད། ཅི་ཞིག་མ་བྱུང་བ་རེད། ཅེས་པའི་དྲི་བ་རྣམས་ཀླད་པའི་སྦུགས་སུ་ལྡིང་སྐོར་མི་རྒྱག་ཀ་མེད་རེད།

ང་ཚོའི་བོད་སློབ་ཁག་གི་ནང་སྔོན་འགྲོ་ནས་བཟུང་འཛིན་རིམ་བཅུ་གཉིས་བར་མང་ཉུང་ལ་མ་ལྟོས་པར་བོད་ཡིག་གི་སློབ་ཚན་རེ་ཡོད་ཅིང་། མི་ལོ་བཅུ་གཉིས་ཀྱི་རིང་བོད་ཡིག་བསླབས་ནས་ཤེས་ཚད་འདི་འདྲ་ཞིག་ཡིན་ན་ཁོ་བོ་ད་དུང་ཡང་ཡིད་མི་ཆེས་པར་འདུག སྙན་ངག་མ་ཤེས་ན་ཡང་གཏོང་ཡིག་ཙམ་འབྲི་མི་ཤེས་དོན་གང་རེད། གཏོང་ཡིག་འབྲི་མི་ཤེས་ཀྱང་རང་ཉིད་ཀྱི་མིང་དང་ངོ་སྤྲོད་འབྲི་མི་ཤེས་དོན་ཅི་རེད། བརྡ་སྤྲོད་ཀྱི་འགྲོ་སྟངས་ཞན་ཙམ་ཡོད་ཀྱང་ཡིག་གཟུགས་ལེགས་ཙམ་ཞིག་མེད་དོན་གང་རེད། ཡིག་གཟུགས་དེ་ཙམ་མི་ལེགས་ཀྱང་གང་བྲིས་པ་དེ་གཞན་གྱིས་ཀློག་ཐུབ་པ་ཞིག་ཅིའི་ཕྱིར་མེད་པ་རེད། གང་ཡང་འབྲི་མི་ཤེས་ཀྱང་ཚགས་པར་ཞིག་ཀློག་མི་ཐུབ་པ་ཅི་ཡིན་ནམ།  ཚགས་པར་གྱི་ནང་དོན་མི་ཤེས་ཀྱང་ཀློག་ཐུབ་ཙམ་ཞིག་ཀྱང་མེད་དོན་གང་རེད། གང་ལྟར་བོད་ཡིག་འབྲི་ཀློག་ཙམ་ཡང་མི་ཤེས་པ་དེ་ནི། ངོ་མ་ང་ཚོ་བོད་ཕྲུག་རྣམས་ལ་ཅི་ཞིག་མ་འདང་བ་རེད། གང་ཞིག་མ་ཚང་བ་རེད། ང་ཚོ་ལ་ཅི་རེད་སོང་བ་ཡིན་ནམ་སྙམ་པའི་དངངས་འཚབ་ཅིག་མ་སྐྱེས་ཀ་མེད་རེད་འདུག

སྐད་ཡིག་སློབ་དེབ་ནང་བརྡ་སྤྲོད་ལས་སྒྲུང་ཐུང་མང་བ་འཇོག་དགོས།

སྐད་ཡིག་གང་འདྲ་ཞིག་ཡིན་ཡང་། འབྲི་ཀློག་འཆད་ཉན་གྱི་རྩལ་ཡར་རྒྱས་གཏོང་རྒྱུ་ལས་གལ་ཆེ་བ་ཞིག་གཏན་ནས་མེད་ཅིང་། རྩལ་བཞི་པོ་ཡར་རྒྱས་གཏོང་མ་ཐུབ་ན་སྐད་ཡིག་སློབ་པའི་གོ་མ་ཆོད་པ་རེད། རྩལ་བཞི་པོ་ཡར་རྒྱས་གཏོང་བའི་ཐབས་ལམ་ཆེས་མཆོག་ཏུ་གྱུར་པ་ནི། སྒྲུང་ཐུང་སོགས་སློབ་རྒྱུ་ཡིན་པ་ནི་སྐད་ཡིག་མཁས་པ་ཀུན་གྱི་ཞལ་གཅིག་གྲགས་སུ་སྣང་། ཡིན་ཡང་། རང་རེའི་སློབ་གྲྭ་ཁག་གི་འཛིན་རིམ་དང་པོ་ནས་བཅུ་གཉིས་བར་གྱི་བོད་ཡིག་སློབ་དེབ་ཆ་ཚང་ལ་ཞིབ་འཇུག་བྱས་ན། བརྡ་སྤྲོད་ཀྱི་གཞུང་གཙོ་ཆེར་བསྒྲིགས་པ་ལས་སྒྲུང་ཐུང་སོགས་ཆེས་ཤིན་ཏུ་ཉུང་ཉུང་ཡིན། (འདི་ཡི་སྐོར་རྒྱས་པར་འབྲི་འཆར་ཡོད།)  དེས་ན། སྐད་ཡིག་ཅིག་ལ་ཚང་དགོས་པའི་ཆ་རྐྱེན་མང་པོ་ཞིག་ཡོང་ས་མེད་ལ། རྩ་བ་དང་གཞུང་ལུགས་སློབ་འཁྲིད་བྱེད་རྒྱུ་མང་བས་སྐད་ཡིག་གི་འབྲི་ཀློག་སློབ་པའི་དུས་ཚོད་འཕྲོག་སོང་བ་རེད་སྙམ། ཕྱིས་སུ་སྐད་ཡིག་གི་སློབ་དེབ་ཅིག་སྒྲིག་དགོས་ན་ཨིན་ཇི་སོགས་ཕྱི་གླིང་པའི་སྐད་ཡིག་སློབ་དེབ་དག་གི་ལེགས་ཆ་བླངས་ནས་སྐད་ཡིག་ལ་ཉེ་བར་མཁོ་བའི་སྒྲུང་ཐུང་། རྩོམ་ཐུང་མང་ཙམ་ཡོད་པའི་སློབ་དེབ་ཅིག་སྒྲིག་དགོས་པ་ལས། གཞུང་ལུགས་ཆེ་གེ་མོ་ཞིག་ཚན་བཤུས་བྱེད་པ་ནི་སྐད་ཡིག་སློབ་དེབ་ཅིག་གི་ཆ་རྐྱེན་ཡོངས་སུ་ཚང་མེད་པར་འདོད་པས་འགྱུར་བ་གཏོང་དགོས་པ་དང་གཏོང་འོས་པ་རྣམས་འབྲེལ་ཡོད་ལས་མི་ཚོས་ཐུགས་སྣང་གནང་དགོས་པའི་དུས་ལ་བབ་འདུག་སྙམ།

སློབ་མ་ལ་འབྲི་ཀློག་མང་ཙམ་བྱེད་འཇུག་དགོས།

རང་རེའི་བོད་སློབ་ཁག་ཏུ་མི་ལོ་བཅུ་གཉིས་ཙམ་ལ་བོད་ཡིག་སྦྱངས་ཀྱང་ཚགས་པར་ཞིག་ཀློག་ཏུ་བཅུག་ན་ཚིག་གི་གཅོད་མཚམས་མི་ཤེས་ཤིང་། ཐ་ན་མིང་ཚིག་ཁ་ཤས་ཀྱི་སྦྱོར་ཀློག་ཙམ་ཡང་མི་ཤེས་པ་ནི། ཆེས་ཡ་མཚན་ཞིག་མ་ཡིན་ནམ། འོན་ཀྱང་གནད་དོན་འདིའི་འབྱུང་ཁུངས་ནི་སློབ་དེབ་ནང་སྒྲུང་ཐུང་སོགས་ཀྱི་ཚིག་ལྷུག་ཤིན་ཏུ་ཉུང་བ་དང་། ཚིག་ལྷུག་ཁ་ཤས་ཡོད་པ་རྣམས་ཀྱང་བོད་དགེ་རང་ཉིད་ཀྱིས་ཀློག་པ་ལས་སློབ་མ་ལ་ཀློག་ཏུ་མི་འཇུག་པས་ཡིན། ནང་ལས་སུ་རྩ་བ་མང་པོ་བློ་འཛིན་བྱེད་འཇུག་པ་ལས། སྒྲུང་དེབ་མང་ཙམ་ཀློག་ཏུ་བཅུག་ན་ཕན་ཐོགས་ཆེ་བར་སེམས། འོན་ཀྱང་དཀའ་གནད་ཅིག་ཡོད་པ་ནི། ང་ཚོ་བོད་དགེ་རང་ཉིད་ཀྱིས་བོད་ཡིག་གི་སྒྲུང་དེབ་དེ་ཙམ་མི་ཀློག་ན་སློབ་མ་ལ་སྒྲུང་དེབ་དེ་དང་དེ་ཀློགས་ཤོག་ཅེས་ཇི་ལྟར་ལམ་སྟོན་ཇི་ལྟར་བྱེད་ཐུབ། ང་ཚོ་བོད་དགེ་རྣམ་པས་ཐོག་མར་རང་ཉིད་ཀྱིས་སྒྲུང་དེབ་མང་ཙམ་བཀླགས་ནས་རང་ཉིད་ཀྱི་སློབ་ཕྲུག་རྣམས་ལ་སྒྲུང་དེབ་མང་ཙམ་ཀློག་ཏུ་བཅུག་ན་སློབ་མ་དེ་དག་སློབ་གྲྭ་ཐོན་སྐབས་ཚགས་པར་ཀློག་མི་ཤེས་པའི་དཀའ་ངལ་དེ་སེལ་ཐུབ་སྙམ། དེས་ན། ང་ཚོ་བོད་དགེ་རྣམ་པས་བོད་ཡིག་གི་སྒྲུང་དེབ་མང་ཙམ་ཀློག་རོགས་ཞེས་མཐེ་བོང་གནམ་ལ་བསྒྲེངས་ནས་ཞུ་བ་འབུལ་རྒྱུ་དང་།

རང་རེའི་བོད་སློབ་ཁག་གི་འཛིན་རིམ་གསུམ་པ་ནས་བཅུ་གཉིས་བར་བོད་ཀྱི་སུམ་རྟགས་བཀྲམས་ནས་བཞག་ཡོད་ཅིང་། སུམ་རྟགས་ཐེངས་ཉི་ཤུ་སུམ་ཅུ་ཙམ་ཞིག་བསླབས་ཀྱང་ད་དུང་ ’’ས་སུ་ག་བ་དྲག་མཐར་ཏུ།” ཙམ་ཡང་མི་ཤེས་པ་དེ་ནི། ང་ཚོ་བོད་དགེ་རྣམ་པས་བོད་ཡིག་སློབ་སྐབས་ཀྱང་རྩོམ་ཡིག་དང་བརྡ་སྤྲོད་གཉིས་ལས་བརྡ་སྤྲོད་ལ་གཙོ་ཆེར་བརྩིས་པ་དང་། དེ་ཡང་རྩ་བ་ལ་འགྲེལ་བཤད་དང་མཁས་པའི་བཞེད་མཚམས་ལ་རྒྱས་བཤད་མང་དྲགས་པ་ལས། ཁ་ཡོད་ལག་ཡོད་ཀྱི་ཕྲད་དང་རྣམ་དབྱེ་སོ་སོའི་དཔེར་བརྗོད་འཇོག་རྒྱུ་ཆེས་ཉུང་དྲགས་པའི་དབང་གིས་ད་ལྟའི་གནས་སྟངས་འདི་བྱུང་བ་རེད། དཔེར་ན། རྣམ་དབྱེ་གཉིས་པའི་དཔེར་བརྗོད་ཅིག་བྲིས་ཟེར་དུས་ཤར་ནུབ་ཀྱི་སློབ་མ་ཚང་མས་ ”ཤར་ཕྱོགས་སུ་འགྲོ་” ཞེས་པ་ལས་འབྲི་མི་ཤེས་པའི་གནས་སྟངས་འདིས་ང་ཚོ་བོད་དགེ་རྣམ་པས་ཀྱང་ཕྲད་སོ་སོའི་དཔེར་བརྗོད་བརྒྱ་ཕྲག་མང་པོ་འབྲི་དགོས་ལ། སློབ་མ་ལའང་ཕྲད་ཅིག་ལ་དཔེར་བརྗོད་ལྔ་བརྒྱ་ལས་མི་ཉུང་བ་ཞིག་འབྲིར་འཇུག་ན་ད་གཟོད་བོད་ཡིག་གི་ཤེས་ཚད་ལ་འགྱུར་བ་ཞིག་ཐེབས་ངེས་རེད། ང་ཚོ་བོད་དགེ་རྣམ་པས་ཉིན་ལྟར་འཛིན་གྲྭའི་ནང་སྐད་རྒྱག་བསྡད་པ་ལས་མཚམས་རེར་སློབ་ཕྲུག་རྣམས་ལ་དཔེར་བརྗོད་འབྲི་རུ་བཅུག་ནས་རང་ཉིད་འཛིན་གྲྭའི་ནང་སྐོར་ར་རེ་རྒྱག་ན་ཅི་མ་རུང་སྙམ་ཞིང་། མཚམས་འདིར་ང་ཚོ་བོད་དགེ་རྣམ་པས་ཉིན་ལྟར་འཛིན་གྲྭའི་ནང་ཁ་ན་ན་བར་སྐད་རྒྱག་པ་ལས་སློབ་མ་ལ་འབྲི་རྒྱུ་མང་ཙམ་སྤྲད་ནས་དེ་དག་ལ་ཞུ་དག་དང་ལམ་སྟོན་རེ་གནང་ཚེ་བོད་ཡིག་གི་ཤེས་ཚད་མིག་གིས་མཐོང་སར་ཡར་རྒྱས་འགྲོ་ངེས་ཡིན།

དེས་ན། ང་ཚོ་བོད་དགེ་རྣམ་པས་མཁས་པའི་བཞེད་ཚུལ་མི་འདྲ་བའི་ཐོག་རྩོད་གླེང་བྱེད་པ་ལས་ཕྲད་རྣམ་དབྱེ་སོ་སོའི་དཔེར་བརྗོད་མི་འདྲ་བ་བརྒྱ་ཕྲག་ཁ་ཤས་རེ་དགེ་རྒན་རང་ཉིད་ཀྱིས་འབྲི་ཞིང་། སློབ་མ་ལའང་དཔེར་བརྗོད་བརྒྱ་ཕྲག་ལྔ་ལས་མི་ཉུང་བ་ཞིག་འབྲིར་འཇུག་དགོས། དེ་འདྲ་ཞིག་འབྲིར་མ་བཅུག་ན་འཛིན་རིམ་བཅུ་གཉིས་མི་དགོས་མཐོ་སློབ་ཐོན་ན་ཡང་”སུ་ར་རུ་ཏུ་” མགོ་ནས་སློབ་དགོས་ཐུག་པ་ནི་ང་ཚོས་མཐོང་ས་ལ་ཡོད་པས། དགེ་རྒན་གྱིས་ནག་པང་ཐོག་དཔེར་བརྗོད་འབྲི་བ་དང་། སློབ་མས་དཔེར་བརྗོད་འདྲ་མིན་གྱིས་འབྲི་དེབ་ཁ་ཤས་མ་གང་བར་བོད་ཡིག་ནམ་ཡང་ཤེས་མི་ཐུབ་ཅེས་ཁ་ཚོན་བཅད་ནས་ཤོད་ཐུབ། འདིར་དཀའ་ངལ་ཞིག་ཡོད་པ་ནི། ང་ཚོ་བོད་དགེའི་ཁྲོད་དུའང་བརྡ་དག་དང་སྙན་ངག་གི་དཔེར་བརྗོད་འབྲི་མི་ཤེས་མཁན་ཡང་མི་ཉུང་བ་ཞིག་མཐོང་བས་དེ་དག་གིས་རང་སྐྱོན་རང་གིས་ཤེས་པར་བྱས་ནས་སྔ་དགོང་རྣམས་སུ་རང་སྦྱོང་མ་བྱས་ན་ཁྱོད་ཀྱི་སློབ་ཕྲུག་བརྒྱ་ཕྲག་ཁ་ཤས་དེ་ཁྱོད་ལས་ཀྱང་སྐྱོ་བ་ཞིག་ཡོང་ངེས་ཡིན་པས་སྤྱི་དོན་ལ་དགོངས་ནས་ཀྱང་བོད་ཡིག་རང་སྦྱོང་ལེགས་པོར་གནང་རོགས། ཐུགས་རྗེས་གཟིགས། ཞེས་མཐེ་བོང་བསྒྲེངས་ནས་ཞུ་བ་འབུལ་རྒྱུ་ཡིན།

ང་ཚོ་སྔོན་མའི་འགྲོ་སྟངས་གང་ཡོད་པ་བཞིན་འགྲོ་གིན་བསྡད་ན་ད་གཟོད་འཛིན་རིམ་བཅུ་གཉིས་ཐོན་དུས་ཀ་ངོ་ཙམ་ཡང་མི་ཆོད་པ་ཞིག་ཏུ་འགྱུར་ངེས་འདུག་པས། ང་ཚོ་བོད་དགེ་རྣམ་པས་རང་ཉིད་ཀྱི་སློབ་འཁྲིད་ལ་བསྐྱར་ཞིབ་ལེགས་པར་གནང་ནས་འགྱུར་བཅོས་གཏོང་དགོས་ངེས་རྣམས་གཏོང་བའི་དུས་ལ་བབ་འདུག་ཅིང་། མ་མཐའ་ཡང་། རང་ཉིད་ཀྱིས་གང་ཡང་སློབ་མ་ཐུབ་ཀྱང་སློབ་མ་ལ་སྒྲུང་དེབ་མང་ཙམ་ཀློག་ཏུ་འཇུག་རྒྱུ་དང་། དཔེར་བརྗོད་མང་ཙམ་འབྲི་རུ་བཅུག་ན་ཡང་གྲུབ་འབྲས་རླབས་པོ་ཆེ་ཞིག་ཡིན་པས། དེ་རིང་ནས་བཟུང་ང་ཚོ་བོད་དགེ་ཚོས་འབྲི་ཀློག་ལ་ནུས་ཤུགས་གང་ཡོད་སྟོན་རྒྱུ་ཡིན་ཞེས་ང་ཚོས་ཚང་མས་དམ་བཅའ་བརྟན་པོ་ཞུ། ༢༠༡༦ ཟླ་བ། ༡༢ ཚེས། ༥ ཉིན།