ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ཨ་རིར་འབྱོར་བ།
ཟླ་འདིའི་ཚེས་༢༥ ཉིན་བོད་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་སན་ཧྥ་རིན་སི་སེ་ཁོ་ལ་San Francisco འབྱོར་ཏེ། ཁོང་གི་ནང་མི་དང་མཉམ་འཛོམས་ཐུབ་ཡོད་པ་རེད།
ཁོང་གིས་“ལོ་མང་གི་རྗེས་སུ་ང་ལ་བདེ་འཇགས་དང་རང་དབང་གི་འཚོ་བར་ལོངས་སུ་སྤྱོད་རྒྱུ་བྱུང་བ་དེ་རིང་ཐོག་མ་དེ་ཡིན། སྙིང་ཉེ་བའི་ནང་མི་ཚོར་ཐུག་ཕྲད་ཡོང་བའི་གོ་སྐབས་སྐྲུན་མཁན་ཚང་མར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། འོན་ཀྱང་ཡིད་སྐྱོ་བ་ཞིག་ལ་རང་གི་ལུང་པ་དེ་རྒྱབ་ཏུ་འཇོག་དགོས་པ་བྱུང་སོང་” ཞེས་བརྗོད་འདུག
བོད་ཀྱི་གློག་བརྙན་ཚོགས་པའི་མགྲིན་ཚབ་པ་འཇམ་དབྱངས་ཚུལ་ཁྲིམས་ཀྱིས་ “དོན་གྲུབ་དབང་ཆེན་ནི་ འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་དང་རང་དབང་ལ་ཡིད་ཆེས་བརྟན་པོ་ཡོད་པའི་གང་ཟག་ཅིག་རེད། ཁོང་གིས་བོད་མི་ཚོའི་སྡུག་དཀའ་ངལ་གྱི་བསམ་ཚུལ་བཏོན་པར། རྒྱ་ནག་གིས་ཁོང་འཛིན་བཟུང་དམ་དྲག་དང་མནར་གཅོད་རྩ་བ་ནས་བྱེད་མི་རུང་བ་ཞིག་ཡིན་ཡང་ད་ནས་བཟུང་ཁོང་ལ་བསམ་ཚུལ་བཤད་རྒྱུའི་རང་དབང་ཆ་ཚང་ཡོད་”ཅེས་བརྗོད་ཡོད་འདུག
དོན་གྲུབ་དབང་ཆེན་གྱིས་“འཇིགས་བྲལ་”ཞེས་པའི་དངོས་དོན་གློག་བརྙན་ཕབ་སྐྲུན་བྱས་པ་དང་། དེའི་ནང་བོད་ཀྱི་ཞིང་འབྲོག་མི་མང་གིས་བོད་མིའི་དཀའ་ངལ་སྐོར་བཤད་ཡོད་པས། རྒྱ་ནག་གཞུང་གིས་ཁོང་༢༠༠༨ ཕྱི་ཟླ་༣ ནང་ཟིང་སློང་རྒྱུད་སྐུལ་བྱས་པའི་ཉེས་མིང་འཛིན་བཟུང་གིས། ལོ་ངོ་དྲུག་གི་རིང་བཙོན་འཇུག་བྱས།
བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཁོང་གློད་གྲོལ་དགོས་པའི་ལས་འགུལ་ཐེངས་མང་སྤེལ་བ་དང་། བཙོན་འཇུག་འོག་ཁོང་ལ་མཆིན་ཚད་ཀྱི་ནད་གཞི་ཕོག་ཡོད་པ་རེད། ཁོང་༢༠༡༤ ཕྱི་ཟླ་༦ ཚེས་༥ ཉིན་མཚོ་སྔོན་ཟི་ལིང་བཙོན་ཁང་ནས་ཀློད་གྲོལ་བཏང་ཡང་། རྒྱ་ནག་གི་ཉེན་རྟོག་པས་ཁོང་གི་འགྲོ་འདུག་སྦྱོད་གསུམ་ལ་དམ་དྲག་ནན་པོ་བྱས་ཡོད་པ་རེད།
དོན་གྲུབ་དབང་ཆེན་ལ་༢༠༡༢ ལོར་གསར་འགོད་པ་ཉེན་སྲུང་ལྷན་ཚོགས་ཀྱིས། རྒྱལ་སྤྱིའི་རང་དབང་ གསར་འགྱུར་གྱི་གཟེངས་རྟགས་ཕུལ་བ་དང་། ༢༠༡༤ ལོར་ཝཛ་ལབ་ཧ་ཝལ་རྒྱལ་སྤྱིའི་གཟེངས་རྟགས་ཤིག་ཀྱང་ཕུལ་ཡོད་པ་རེད།
གསར་འགོད་པ་ཆོས་ཉིད་འོད་ཟེར།