ཆར་རླུང་རྐྱེན་གྱིས་ངོ་རྒོལ་སྐད་འབོད་ཀྱི་གོམ་བགྲོད་མཚམས་འཇོག་བྱས།

ཕྱི་ལོ་༢༠༢༦ ཟླ་༣ ཚེས་༡༢ ཉིན། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འགྲམ་རླངས་འཁོར་འབབ་ཚུགས་སུ། བོད་ཀྱི་བུད་མེད་རང་དབང་སྒེར་ལངས་ཀྱི་དུས་དྲན་ཐེངས་༦༧ པ་སྲུང་བརྩི་ཞུས་སོང་། ཐེངས་འདིའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཀེའུ་ཚང་རིན་པོ་ཆེ་མཆོག་དང་། གཞན་ཡང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ། སློབ་ཕྲུག་དང་མི་མང་༢༠༠ ཙམ་ཕེབས་འདུག

དེ་རིང་གི་དུས་དྲན་དང་འབྲེལ། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་བསྒྲགས་གཏམ་ཞིག་སྤེལ་ནས། བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་ལུས་སྲོག་ལོངས་སྤྱོད་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་དཔའ་མོ་རྣམས་ཀྱི་སྙིང་སྟོབས་ལ་ཡིད་རངས་བསྔགས་བརྗོད་དང་བཀའ་དྲིན་རྗེས་དྲན།
རྒྱ་གཞུང་གི་བཙན་གནོན་ལ་བཟོད་ཐབས་བྲལ་བས་བོད་མི་༡༦༩ ཡིས་རང་ལུས་མེར་སྲེག་གི་ལས་འགུལ་སྤེལ་ཡོད་པ་དང་། རྒྱ་གཞུང་གིས་ཁོང་ཚོའི་ནང་མི་རྣམས་ལ་ཡང་མུ་མཐུད་བསུན་བཙིར་དང་དམ་དྲག་བྱེད་བཞིན་ཡོད་པ། བོད་མི་རྣམས་དོན་མེད་འཛིན་བཟུང་དང་། འགྲོ་འདུག་སྤྱོད་གསུམ་གྱི་རང་དབང་མེད་པར་ཉིན་མཚན་ཀུན་ཏུ་སྟངས་འཛིན་ནན་པོ་བྱེད་ཀྱི་ཡོད་པ། བོད་ཕྲུག་རྣམས་བཙན་གྱིས་གཏན་འཇགས་སློབ་གྲྭར་བཅུག་ནས་ཕ་མ་དང་ཁ་བྲལ་གཏོང་བ་དང་། ན་ཆུང་བྱིས་པ་རྣམས་དགོན་པར་ཞུགས་མི་ཆོག་པར་བཟོ་བ་སོགས་བོད་ཀྱི་ཆོས་དང་རིག་གཞུང་། ངོ་བོ་བཅས་རྩ་མེད་བཟོ་བའི་ངན་ཇུས་ལག་བསྟར་བྱེད་བཞིན་པ་གསལ་འདོན་གནང་སོང་།
གཞན་ཡང་། བོད་ཀྱི་བུད་མེད་ལྷན་ཚོགས་ནི་༧གོང་ས་མཆོག་ལ་བློ་གཏད་རྩེ་གཅིག་གིས་དད་གུས་ཞུ་མཁན་དང་། བོད་དོན་འཐབ་རྩོད་ཁྲོད་དབུ་མའི་ལམ་གྱི་སྲིད་ཇུས་ལ་ཤར་བསྐྱོད་གནང་མཁན་གྱི་བུད་མེད་ལྷན་ཚོགས་གཅིག་པུ་དེ་ཡིན་པ་དང་། ལྷན་ཚོགས་འདིས་མ་འོངས་པར་ཡང་དབུ་མའི་ལམ་གྱི་སྲིད་ཇུས་གཞིར་བཟུང་། བོད་ཀྱི་བདེན་པའི་འཐབ་རྩོད་ཀྱི་ལས་འགུལ་སྔར་ལྷག་སྤེལ་རྒྱུའི་དམ་བཅའ་བརྟན་པོ་བཟུང་ཡོད་ཅེས་གསུངས་སོང་།
དུས་དྲན་སྲུང་བརྩི་ཞུ་བཞིན་པའི་སྐབས་སུ། ཆར་པ་བབ་པ་དང་རླུང་བུ་ཤུགས་ཆེན་ལྡང་པར་བརྟེན། དུས་དྲན་དུ་ཕེབས་མཁན་རྣམས་གློ་བུར་དུ་ཆར་ཡོལ་བྱེད་དགོས་བྱུང་ཞིང་། གནམ་གཤིས་ཀྱི་རྐྱེན་པས་མཛད་སྒོ་གྲུབ་རྗེས། མེག་གྷན་ནས་ཀ་ཅ་རི་བར་སྤེལ་རྒྱུའི་ངོ་རྒོལ་སྐད་འབོད་ཀྱི་གོམ་བགྲོད་ཀྱི་ལས་འགུལ་ཡང་མཚམས་འཇོག་བྱེད་དགོས་བྱུང་སོང་།
འདི་གར་གསར་འགོད་པས། དུས་དྲན་ཐོག་མཉམ་ཞུགས་གནང་མཁན། རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་བསྟན་འཛིན་པ་སངས་ལགས་སུ་བཅར་འདྲི་ཞུས་པར། ཁོང་གིས་བོད་མི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་དང་བུད་མེད་རང་དབང་སྒེར་ལངས་གཉིས་ཀ་གལ་གནད་ཆེ་ཆུང་གཅིག་པ་ཡིན་པ་དང་། བུད་མེད་སྒེར་ལངས་ནི་བུད་མེད་གཅིག་པུ་ཆེད་དུ་མ་ཡིན་པས། བོད་མི་ཚང་མས་དུས་དྲན་ནང་མཉམ་ཞུགས་བྱེད་རྒྱུ་གལ་ཆེན་ཡིན་པ། མ་འོངས་པར་གསུམ་བཅུའི་དུས་དྲན་ནང་ཆ་ཤས་ལེན་མཁན་ལས་བུད་མེད་སྒེར་ལངས་ནང་ཆ་ཤས་ལེན་མཁན་མང་བ་འདྲ་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་སོང་། དུས་དྲན་ནང་མཉམ་ཞུགས་བྱེད་མཁན་ཨ་རི་ནས་ཕེབས་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་བར་བརྒལ་སྤྱི་ཁྱབ་འགན་འཛིན་བསྟན་འཛིན་སྨིན་ལེགས་ལགས་ཀྱིས། ཕྱི་ལོ་༡༩༥༩ ཟླ་༣ ཚེས་༡༢ ཉིན། བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་བུད་མེད་སྟོང་ཕྲག་གིས་སྒེར་ལངས་བྱས་པ་དེས་ད་ལྟ་ཡང་སེམས་ཤུགས་སྤར་བཞིན་ཡོད་པ་དང་། དུས་དྲན་སྲུང་བརྩི་བྱེད་རྒྱུ་དང་ལས་འགུལ་སྤེལ་རྒྱུ་ནི་གལ་ཆེན་ཡིན་པ་མ་ཟད། གསུམ་བཅུའི་དུས་དྲན་དང་བུད་མེད་སྒེར་ལངས་ཙམ་མ་ཟད། ལོ་རབས་བརྒྱད་ཅུའི་ནང་དང་ཕྱི་ལོ་༢༠༠༨ ལོ་བྱུང་བའི་ས་བྱི་ཞི་རྒོལ་ཆེན་པོ། ལྷག་པར་དུ་ཉེ་ཆར་བྱུང་བའི་བོད་ནང་གི་ངོ་རྒོལ་ལས་འགུལ་དེ་ཚོ་ཡང་དྲན་གསོ་བྱེད་རྒྱུ་གལ་ཆེན་རེད་བཅས་གསུངས་སོང་།།
གསར་འགོད་པ། བློ་བཟང་རྒྱ་མཚོ།