ཉི་ཧོང་གི་དམག་མི་ཕྱི་ཡུལ་དུ་དམག་འཐབ་བྱེད་པར་གཏོང་རྒྱུ།

ཉི་ཧོང་གྲོས་ཚོགས་ཀྱིས་རྒྱལ་ཁབ་ཀྱི་དམག་མི་ཕྱི་ཡུལ་དུ་དམག་འཐབ་ཆེད་གཏོང་ཆོག་པའི་གྲོས་ཐག་བཅད་ཡོད་པ་དང་། དེ་ནི་འཛམ་གླིང་དམག་ཆེན་གཉིས་པ་མཇུག་བསྒྲིལ་ནས་ལོ་ངོ་༧༠ སོང་བའི་རྗེས། ཉི་ཧོང་གི་དམག་མི་ཕྱི་ཡུལ་དུ་དམག་འཐབ་བྱེད་པར་གཏོང་རྒྱུའི་ཐག་གཅོད་བྱས་པ་ཐེངས་དང་པོ་ཆགས་ཡོད་པ་རེད།

12006139_103526ཉི་ཧོང་མི་མང་གིས་སྲིད་ཇུས་གསར་པ་དེར་ངོ་རྒོལ་ཆེན་པོ་བྱས་ཡོད་ཀྱང། གཞུང་གིས་རྒྱ་ནག་དང་བྱང་ཀོ་རི་ཡ་སོགས་ཀྱི་དམག་གི་སྟོབས་ཤུགས་ཇེ་ཆེར་དང་སྟབས་བསྟུན་གྱིས། ཉི་ཧོང་གི་དམག་ཤུགས་ཡང་རྒྱ་བསྐྱེད་བྱེད་རྒྱུ་གལ་ཆེན་ཡིན་པ་འགྲེལ་བརྗོད་བྱས་འདུག

དེ་སྔོན་གྲོས་ཚོགས་འོག་མའི་ནང་སྲིད་བྱུས་གསར་པ་དེར་རྒྱབ་སྐྱོར་ཐོབ་ཡོད་པ་དང། ཟླ་འདིའི་ཚེས་༡༨ ཉིན་གྲོས་ཚོགས་གོང་མའི་ནང་འཐུས་མི་༡༤༨ ཀྱིས་རྒྱབ་སྐྱོར་བྱས་ཡོད་པ་དང། འཐུས་མི་༩༠ ཡིས་རྒྱབ་སྐྱོར་བྱས་མི་འདུག

དམག་ཆེན་གཉིས་པའི་རྗེས་ལ་ཉི་ཧོང་གི་རྩ་ཁྲིམས་ནང་རྒྱལ་ཁབ་རང་ཉིད་ཀྱི་བདེ་འཇགས་སྲུང་སྐྱོབ་ཆེད་དུ་ལས། རྒྱལ་སྤྱིའི་འཁྲུག་རྩོད་ཀྱི་ཆེད་དུ་རྒྱལ་ཁབ་ཀྱི་དམག་མི་གཏོང་མི་ཆོག་པ་བཟོས་ཡོད་པ་དང། ཐེངས་འདིའི་སྲིད་ཇུས་གསར་པ་དེར་ལྟ་ཚུལ་མང་པོ་ཞིག་ཡོད་འདུག

སྲིད་ཇུས་དེར་ངོ་རྒོལ་བྱེད་མཁན་མང་པོ་ཞིག་གིས། ཉི་ཧོང་གི་དམག་མི་ཚོ་མཐུན་ཕྱོགས་རྒྱལ་ཁབ་ཨ་རིའི་ཁྲིམས་འགལ་གྱི་དམག་འཁྲུག་མང་པོ་ཞིག་ནང་འཛིང་དགོས་པ་ཡིན་པ་དང། རིགས་ཁ་ཤས་ཀྱིས་ཉི་ཧོང་གཞུང་དེ་ཨ་རི་ལ་ཁས་ལེན་མི་བྱེད་པའི་བློ་ཁོག་མེད་པ་རེད་ཅེས་སྐྱོན་བརྗོད་བྱེད་མཁན་ཡང་འདུག

ནེའུ་ཡོག་དུས་བབ་ཀྱིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རི་དང་ཉི་ཧོང་གཉིས་ཕྱོགས་མཐུན་རྒྱལ་ཁབ་ཆགས་པ་ནས། ཉི་ཧོང་ནང་ཨ་རིའི་དམག་མི་༤༠,༠༠༠ ལས་མང་བའི་སྒར་ཚུགས་ཡོད་པ་རེད། དེ་དག་ནི་རྒྱ་ནག་དང་བྱང་ཀོ་རི་ཡ་སོགས་ཀྱི་ཉེན་ཁ་ལས་སྲུང་སྐྱོབ་དང། ཨ་རིའི་ཕྱི་ཡུལ་གྱི་དམག་འཁྲུག་གི་ཆེད་དུ་ཡང་ཡིན་འདུག

སྲིད་ཇུས་གསར་པ་དེའི་ནང་ཉི་ཧོང་གིས་རང་ཉིད་ཀྱི་ཕྱོགས་མཐུན་རྒྱལ་ཁབ་ཀྱི་ཆེད་དུ་ཕྱི་ཡུལ་ལ་དམག་འཐབ་བྱེད་ཆོག་པ་གསལ་ཡོད་པས། མི་མང་པོ་ཞིག་གིས་གལ་ཏེ་ཉི་ཧོང་གིས་ཨ་རིའི་ཆེད་དུ། དཀྱིལ་ཤར་ཡུལ་གྲུ་ཁག་ཏུ་དམག་འཐབ་བྱས་ཚེ། དགྲ་བོ་གསར་པ་མང་པོ་ཆགས་སྲིད་པ་དང། ཡུ་རོབ་ཀྱི་ལུང་པ་ཁག་ནང་བཞིན་ཁ་ཆེ་འཇིགས་སྐུལ་རིང་ལུགས་པས། ཉི་ཧོང་ལ་དྲག་རྒོལ་བྱེད་ཉེན་ཡོད་པར་སེམས་འཚབ་བྱེད་ཀྱི་ཡོད་འདུག །
སྐལ་བཟང་དོན་གྲུབ།