ཉིན་བདུན་ནང་འཇིགས་སྐུལ་རིང་ལུགས་པའི་བཙན་རྒོལ་ཆེན་མོ་བཞི།
ཟླ་༦ པའི་ཚེས་༢༨ ནས་ཟླ་༧ པའི་ཚེས་༤ ནས་བར་གྱི་ཉིན་བདུན་རིང། རྒྱལ་ཁབ་མི་འདྲ་བ་གསུམ་ནང་འཇིག་སྐུལ་རིང་ལུགས་པས་བཙན་རྒོལ་ཆེན་པོ་གསུམ་བྱས་ཏེ། མི་གསོད་ཁྲག་སྦྱོར་ཆེན་པོ་བྱུང་འདུག
དེ་ཡང་ཟླ་༦ པའི་ཚེས་༢༨ ཉིན་ཡུ་རོབ་ཏུར་ཀིའི་རྒྱལ་ས་ཨེ་སེ་ཏན་སྦོལ་གྱི་ཨ་ཏ་ཊོར་གནམ་ཐང་དུ། འཇིག་སྐུལ་རིང་ལུགས་པས་བཙན་རྒོལ་བྱས་ཏེ་མི་༤༥ བསད་ཡོད་པ་དང། མི་༢༣༩ ལས་མང་བར་རྨས་སྐྱོན་བཟོས་ཡོད་པ་དང། ཟླ་༧ པའི་ཚེས་༡ ཉིན་ཨེ་ཤི་ཡའི་བྷང་ལ་དྷེ་ཤིའི་རྒྱལ་ས་དྷ་ཀའི་ང་ཁང་ཞིག་ཏུ།་འཇིག་སྐུལ་རིང་ལུགས་པས་བཙན་རྒོལ་བྱས་ཏེ། ཕྱི་རྒྱལ་བ་སོགས་མི་གྲངས་༢༢ དང་འཇིག་སྐུལ་རིང་ལུགས་པ་༦ བཅས་ཀྱི་ཚེ་སྲོག་ཤོར་ཡོད་པ་རེད། དེ་བཞིན་ཟླ་འདིའི་ཚེས་༣ ཉིན་དཀྱིལ་ཤར་ཡུལ་གྲུ་ཨེ་རག་གི་རྒྱལ་སར་རང་གསོད་གཞན་མེད་འབར་གས་མཁན་གྱིས། འབར་རྫས་གཏོར་ནས་མི་ཉུང་མཐར་ལ་༢༢༠ ཡི་ཚེ་སྲོག་ཤོར་འདུག ཕྱི་ཉིན་ཟླ་འདིའི་ཚེས་༤ ཉིན་ཨ་རབ་རྒྱལ་ཁབ་སོ་ཌི་ཨ་རབ་ནང་འཇིག་སྐུལ་རིང་ལུགས་པས་འབར་གས་གྱི་བཙན་རྒོལ་ས་ཅ་མི་འདྲ་བ་གསུམ་ལ་བྱས་འདུག་ཀྱང། བཙན་རྒོལ་གཉིས་ལ་ལམ་ལྷོངས་མ་བྱུང་བས། བཙན་རྒོལ་གཅིག་ལ་མི་༤ ཡི་ཚེ་སྲོག་ཤོར་འདུག
ཝི་ཀི་པི་ཌི་ཡ་དྲ་ཐོག་ཏུ། ཟླ་༧ པ་འགོ་བཙུགས་ནས་ཉིན་༥ ལས་ཕྱིན་མེད་ཀྱང། འཇིག་སྐུལ་རིང་ལུགས་པས་འཛམ་གླིང་ནང་བཙན་རྒོལ་ཆེ་ཆུང་མི་འདྲ་བ་ཐེངས་༣༠ བྱས་འདུག
ཨཡེ་སི་སི་ཁ་ཆེ་འཇིག་སྐུལ་རིང་ལུགས་པས་བཙན་རྒོལ་ཆེན་པོ་གསུམ་ལས། གཉིས་ཁོ་ཚོའི་བྱེད་ལས་ཡིན་པར་ཁྱབ་བསྒྲགས་བྱས་ཡོད་འདུག་ཀྱང། ཏུར་ཀི་ལ་བྱུང་བའི་བཙན་རྒོལ་དེ་ཡང་ཁོ་ཚོའི་བྱེད་ལས་ཡིན་པར་དོགས་བྱེད་ཀྱི་ཡོད་འདུག དཔྱད་བརྗོད་པ་ཁག་ཅིག་གིས་འཇིག་སྐུལ་རིང་ལུགས་པའི་ཚོགས་པ་དེ་ཉིད་ལ། སི་རི་ཡ་དང་ཨེ་རག་ནང་དུ་ཨ་རི་གཙོས་པའི་མཐུན་ཕྱོགས་རྒྱལ་ཁབ་ཀྱི་དམག་ཤུགས་འོག དམག་ཤོར་བཞིན་ཡོད་ཀྱང་འཛམ་གླིང་གི་ས་ཆ་མང་པོ་ཞིག་ལ། ཁོ་ཚོའི་རྗེས་འཇུག་པ་ཚོས་བཙན་རྒོལ་ཆེ་ཆུང་འདྲ་མིན་བྱེད་ཀྱི་ཡོད་པས། ཁོ་ཚོ་ནི་མུ་མཐུད་དུ་གཟབ་གཟབ་བྱེད་དགོས་ཡུལ་ཞིག་ཡིན་སྐོར་བརྗོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།