ཏོག་དབྱིབས་ནད་འབུའི་རིགས་ཤིག་འཛམ་གླིང་གང་སར་ཁྱབ་གདལ་འགྲོ་བཞིན་ཡོད་འདུག
ཐོག་མར་རྒྱ་གར་ནང་ངོས་འཛིན་བྱས་པའི་ཏོག་དབྱིབས་ནད་འབུའི་རིགས་ཉེན་ཚབས་ཅན་དེ། དེང་གི་ཆར་འཛམ་གླིང་གང་སར་ཁྱབ་གདལ་འགྲོ་བཞིན་འདུག་པ་དང་། རྒྱལ་ཁབ་ཁག་ཅིག་ནང་ཛ་དྲག་གནས་སྟངས་ཆགས་ཡོད་འདུག
ཟླ་༧ པའི་ཚེས་༢༨ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ད་ལྟའི་ཆར་འཛམ་གླིང་གི་མངའ་ཁུལ་མི་འདྲ་བ་༡༢༤ ཡི་ནང་དུ་ཐོག་མར་རྒྱ་གར་ནང་ངོས་འཛིན་བྱས་པའི་ཏོག་དབྱིབས་ནད་འབུའི་རིགས་ཌེལ་ཊ་(Delta) ཁྱབ་གདལ་འགྲོ་བཞིན་ཡོད་པ་ཤེས་རྟོགས་ཐུབ་ཡོད་པ་དང་། བདུན་ཕྲག་ཁ་ཤས་ནང་འཛམ་གླིང་ནང་ནད་འབུ་དེ་འགོ་མཁན་མི་གྲངས་ས་ཡ་༢༠༠ ལས་མང་བ་ཐོན་སྲིད་པའི་ཚོད་དཔག་བྱེད་བཞིན་འདུག
ཡུ་རོབ་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་རྒྱལ་ཁབ་ཁག་ནང་ཏོག་དབྱིབས་ནད་དུག་གི་ནད་པའི་ཁ་གྲངས་འཕར་ཡོད་འདུག་པ་དང་། ནུབ་ཕྱོགས་རྒྱལ་ཁབ་ཁག་ཅིག་ནང་ཏོག་ནད་ལས་ཚེ་སྲོག་ཤོར་མཁན་གྱི་ཁ་གྲངས་ཉུང་དུ་འགྲོ་བཞིན་ཡོད་པས། འགྲོ་སྐྱོད་ཀྱི་བཀག་སྡོམ་ལྷོད་དུ་གཏོང་བཞིན་ཡོད་ཀྱང་། སྔོན་འགོག་སྨན་ཁབ་ཀྱི་ཆ་རྐྱེན་མེད་མཁན་ནམ་སྨན་ཁབ་རྒྱག་ཚད་དལ་པོ་ཡིན་པའི་ས་གནས་ཁག་ལ་ཉེན་ཁ་ཆེ་རུ་ཕྱིན་ཡོད་པ་རེད།
ཨེ་ཤི་ཡའི་རྒྱལ་ཁབ་ཨན་ཌོ་ནི་ཤི་ཡར་ཉེ་ཆར་ཉིན་གཅིག་ནང་ཏོག་ནད་ལས་ཚེ་སྲོག་ཤོར་མཁན་ཤེས་རྟོགས་བྱུང་བའི་གྲངས་༡༣༠༠ ཡིན་འདུག་པ་དང་། ཉིན་རེའི་ཏོག་དབྱིབས་ནད་དུག་འགོས་པའི་ཁ་གྲངས་༥༠,༠༠༠ ལས་མང་བ་ཐོན་བཞིན་ཡོད་ཁར། མི་མང་བརྒྱ་ཕྲག་མང་པོར་མྱུར་སྐྱོབ་སྨན་བཅོས་མ་ཐོབ་པའམ། ནད་པ་མང་དྲགས་པའི་སྨན་ཁང་ནས་ཕྱིར་སློག་བྱས་པའི་རྐྱེན་གྱིས་སྒེར་གྱི་ཟུར་བཀག་ཏུ་ཚེ་སྲོག་ཤོར་ཡོད་པ་རེད་འདུག རྒྱལ་ཁབ་དེར་སྔོན་འགོག་སྨན་ཁབ་རྒྱག་པའི་ལོ་ཚད་ལོན་མཁན་མི་གྲངས་ས་ཡ་༢༠༨ ཡོད་ཀྱང་། སྔོན་འགོག་སྨན་ཁབ་ཐེངས་གཉིས་ཀ་བརྒྱབ་ཟིན་མཁན་ས་ཡ་༡༦ ལས་མེད་པས། གནས་སྟངས་ཛ་དྲག་ཡིན་པ་རེད་འདུག
དེ་བཞིན་ཨ་ཧྥེ་རི་ཀའི་རྒྱལ་ཁབ་ཊུ་ནི་ཤི་ཡ་ནང་དུ་ཏོག་དབྱིབས་ནད་དུག་ཁྱབ་གདལ་སོང་བ་ནས་བཟུང་གི་གནས་སྟངས་ཛ་དྲག་ཤོས་དེ་ཆགས་ཡོད་འདུག་པ་དང་། ཏོག་ནད་འགོས་མཁན་གྱི་གྲངས་ཁ་འཕར་བཞིན་ཡོད་པའི་ཐོག སྔོན་འགོག་སྨན་ཁབ་ཀྱི་ལས་དོན་དལ་པོ་ཡིན་རྐྱེན་མི་འབོར་བརྒྱ་ཆ་༨ ལས་ཉུང་བ་མ་གཏོགས་ལ་སྨན་ཁབ་ཐོབ་མེད་འདུག སྨན་ཁང་རྣམས་སུ་ནད་པ་མང་དྲགས་པ་དང་སྲོག་རླུང་ཉུང་དྲགས་པའི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག
ཨ་རིའི་ཁྱིམ་མཚེས་རྒྱལ་ཁབ་མེག་སི་ཁོ་ནང་དུ་ཏོག་ནད་ཀྱི་རྦ་རླབས་གསུམ་པ་དེ་འགྲོ་བཞིན་ཡོད་པས། ཉིན་རེར་ནད་པ་གསར་པའི་ཁ་གྲངས་༡༥,༠༠༠ ལས་མང་བ་ཡིན་འདུག འོན་ཀྱང་མི་མང་ཚོས་འཚོ་གནས་ཆེད་དུ་ཉིན་ལྟར་ཕྱི་ལ་ལས་ཀ་བྱེད་དུ་འགྲོ་དགོས་ཀྱི་ཡོད་པས། གཞུང་གིས་འགྲོ་སྐྱོད་བཀག་སྡོམ་བྱས་མེད་པ་རེད།
ཟླ་༧ པའི་འགོ་སྟོད་དུ་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ཏོག་དབྱིབས་ནད་དུག་ཁྱབ་གདལ་མཇུག་བསྒྲིལ་གྱི་ཡོད་པའི་བསམ་བློ་གཏོང་མི་ཉན་པ་དང་། ཏོག་དབྱིབས་ནད་འབུའི་རིགས་ཉེན་ཚབས་ཆེ་བ་མང་པོ་ཞིག་འཛམ་གླིང་གང་སར་ཁྱབ་གདལ་འགྲོ་རྒྱུའི་ཚོད་དཔག་བྱེད་བཞིན་ཡོད་ཁར། དེང་གི་ཆར་བདུན་ཕྲག་གཅིག་ནང་གླིང་ཕྲན་ཨ་ཧྥེ་རི་ཀའི་ནང་དུ་ཏོག་ནད་དང་འབྲེལ་ནས་ཚེ་སྲོག་ཤོར་མཁན་གྱི་བརྒྱ་ཆ་༤༣ འཕར་ཡོད་སྐོར་བརྗོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།