ཏོག་དབྱིབས་ནད་རིམས་གསར་པ་དེ་ཛ་དྲག་དེ་ཙམ་མིན་ཡང་ཚང་མས་གཟབ་དགོས་པར་བརྗོད་འདུག

བདུན་ཕྲག་འགའ་ཤས་སྔོན་ནས་ཏོག་དབྱིབས་ནད་དུག་གསར་པ་ཞིག་ཨེ་ཤི་ཡའི་ས་ཁོངས་ཁག་དང་རྒྱ་གར་ནང་དུའང་ཁྱབ་བརྡལ་འགྲོ་བཞིན་ཡོད་འདུག་ཀྱང་། ན་ཚ་དེ་ཏོག་དབྱིབས་ནད་རིམས་༡༩་ལྟར་ཚབས་ཆེན་པོ་མེད་པས་མི་དམངས་རྣམས་ནས་སྐྲག་སྣང་བྱེད་མི་དགོས་པ་རྒྱ་གར་དབུས་གཞུང་འཕྲོད་བསྟེན་དང་ཁྱིམ་ཚང་བདེ་དོན་ལས་ཁུངས་སོགས་ནས་བརྗོད་ཡོད་འདུག།
ཕྱི་ཚེས་༢༧ཉིན་རྒྱ་གར་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཉེ་ཆར་NB.1.8.1 ཞེས་པའི་ཏོག་དབྱིབས་ནད་རིམ་རིགས་གསར་པ་ཞིག་ཁྱབ་བཞིན་པ་ཤེས་རྟོགས་བྱུང་འདུག་པ་དང་། ནད་རིམས་དེ་ཨ་རིའི་ནང་དུ་ཁྱབ་བརྡལ་འགྲོ་བཞིན་པ་དང་། མ་ཟད་རྒྱ་ནག་ནང་དུ་ནད་པའི་གྲངས་འབོར་འཕར་བཞིན་ཡོད་འདུག དེ་བཞིན་ནད་གཞི་དེ་ནི་རྒྱལ་སྤྱིའི་འགྲུལ་པ་སྟེ་དམིགས་བསལ་སིང་གྷ་པོར་དང་ཧོང་ཀོང་། དེ་བཞིན་རྒྱ་ནག་དང་ཝེ་ཐི་ནམ། ཐེ་ལན་ཌི་སོགས་ཀྱི་མི་མང་པོ་ཞིག་ནས་ཐོན་གྱི་ཡོད་འདུག།
ཞིབ་འཇུག་པ་ཁག་གིས་བཤད་པ་ལྟར་ན། ཏོག་དབྱིབས་ནད་རིམས་གསར་པ་NB.1.8.1 ཟེར་བ་ནི་JN.1 ནད་འབུའི་རིགས་ཀྱི་ཚོགས་པའི་ནང་གི་ཆ་ཤས་ཤིག་ཡིན་པ་དང་། ནད་གཞི་དེ་རྒྱ་ཆེར་ཁྱབ་ཉེན་ཆུང་ཡང་། རྒྱུན་དུ་ལུས་ཟུངས་སྐྱོ་བ་དང་ལོ་ན་རྒན་པ་རྣམས་ཀྱིས་གཟབ་གཟབ་གནང་དགོས་པར་བརྗོད་འདུག།
འདས་པའི་བདུན་ཕྲག་འགའ་ཤས་ནང་རྒྱ་གར་གྱི་ས་གནས་མ་ཧ་ར་ཤི་ཏེ་ར། ཀེ་ར་ལ། གྷུ་ཇི་ར་ཐི་Maharashtra, Kerala, Gujarat གཙོས་རྒྱ་གར་ནང་དུ་ནད་རིམས་དེ་ཕོག་མཁན་མི་གྲངས་༡༠༠༠ལྷག་ཐོན་ཡོད་པར་བརྗོད་འདུག་པ་དང་། ད་བར་ནད་དུག་དེའི་རྐྱེན་གྱིས་མི་དྲུག་འདས་གྲོངས་སུ་ཕྱིན་ཡོད་འདུག། དེ་བཞིན་སྨན་པས་ནད་གཞི་དེ་ནི་ཚབས་ཆེན་མིན་པས་དངངས་སྐྲག་བྱེད་མི་དགོས་པར་བརྗོད་འདུག་ལ། ཏོག་ནད་བཅུ་དགུ་ལ་ཁ་ལག་བྲོ་བ་རླགས་པ་སོགས་ཀྱི་ནད་རྟགས་ཡོད་ཀྱང་། ད་ལྟའི་ནད་དུག་འདིའི་ནད་རྟགས་ནི་མགོ་ན་བ་དང་མིད་པ་མི་བདེ་བ། དེ་བཞིན་གཟུགས་པོ་ངལ་དུབ་ཆེ་བ་སོགས་ཡོང་གི་ཡོད་པར་བརྗོད་འདུག།
ནད་ཡམས་དེ་ཛ་དྲག་དེ་ཙམ་མེད་པས་ནམ་རྒྱུན་འཚོ་བ་བཞིན་སྐྱེལ་ཆོག་པ་དང་རྒྱ་གར་གཞུང་ནས་མི་དམངས་ཀྱི་འགྲོ་འོང་ལའང་བཀག་སྡོམ་སོགས་བྱེད་ཀྱི་མེད་ནའང་། སྦྲུམ་མ་དང་རྒས་འཁོགས་སོགས་ལུས་ཟུངས་ཞན་པ་རྣམས་ལ་ནད་རྟགས་དེ་ཡོད་པ་ཤེས་ན་སྨན་དུས་ཐོག་ཏུ་ཟ་དགོས་པ་དང་། ཁ་རས་སྐྱོན་དགོས་པའི་བསྐུལ་མ་གནང་འདུག དེ་བཞིན་ཕྱི་ཚེས་༢༦ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཀྱིས་དེ་འབྲེལ་གསལ་བསྒྲགས་ཤིག་སྤེལ་འདུག་པ་དང་། དེའི་ནང་དུ། ཉེ་ཆར་ཏོག་དབྱིབས་གཉན་རིམས་ ༡༩ ཡི་རྣམ་པ་འགྱུར་བའི་ནད་འབུ་ད་ཆ་རྒྱ་ནག་དང་། རྒྱ་གར་ས་གནས་ཁག་ཅིག ཨེ་ཤི་ཡའི་ཡུལ་གྲུ་ཁག་ཅིག་གི་ནང་ཁྱབ་གདལ་འགྲོ་བཞིན་ཡོད་པར། ནད་གཞི་དེ་ཛ་དྲག་གི་གནས་སྟངས་མེད་ནའང་བོད་མིའི་འདུ་སྡོད་ས་གནས་ཁག་ནང་ཁྱབ་གདལ་མི་འགྲོ་བའི་སླད། དེ་སྔ་སྔོན་ཁབ་བརྒྱབ་མེད་པ་དང་། དུས་རྒྱུན་ནས་ན་ཚ་མང་དག་མནར་བཞིན་པ་ནད་གཅོང་ཅན། ལུས་ཟུངས་ནུས་པ་ཞན་པ་རྣམས་ལ་འགོ་སླ་བ་ཡོད་པའི་གནས་སྟངས་འདུག་པར་མི་མང་ཚང་མས་ཐུགས་སྣང་དགོས་གལ། ནད་གཞིའི་ནད་རྟགས་དེ་བཞིན་དེ་སྔའི་ཏོག་དབྱིབས་གཉན་རིམས་ལྟར་གློ་རྒྱག་པ་དང་། ཚ་བ་འབར་བ། སྣ་ཁུག་འགག་པ། དབུགས་གཏོང་རྒྱུ་དཀའ་ངལ་སོགས་ཡོད་པས་མང་ཚོགས་རྣམས་ནས་ཡིད་གཟབ་གནང་དགོས་པར་བརྗོད་འདུག
གསར་འགོད་པ། བསྟན་འཛིན་ཆོས་དབྱངས།