ཐའེ་ཝན་གྱི་སྲིད་འཛིན་གསར་པའི་དམ་འབུལ་མཛད་སྒོར་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་བཅར།
ཟླ་འདིའི་ཚེས་༢༠ ་ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཐའེ་ཝན་གྱི་སྲིད་འཛིན་གསར་པའི་དམ་འབུལ་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་སྤྱི་གཉིས་ཀྱི་སྐུ་ཚབ་ཆེས་ཐོག་མ་ཕེབས་ཡོད་པ་དང་། ཐའེ་ཝན་གྱི་སྲིད་འཛིན་གསར་པས་ཐའེ་ཝན་མཚོ་འགག་གི་གནས་སྟངས་ད་ལྟ་གང་ཡིན་པ་རང་སོར་འཇོག་དང་རྒྱ་གཞུང་གིས་འཇིགས་སྐུལ་བྱེད་རྒྱུ་མཚམས་འཇོག་དགོས་པ་སོགས་བརྗོད་ཡོད་པའི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཚེས་༢༠ ་ཉིན་ཐའེ་ཝན་གྱི་སྲིད་འཛིན་གསར་པ་ལའེ་ཆིང་ཏེའི་དམ་འབུལ་གྱི་མཛད་སྒོ་དེ་ཐའེ་པེ་(Taipei) གྲོང་ཁྱེར་གྱི་སྲིད་འཛིན་ལས་ཁུངས་སུ་ཚོགས་ཡོད་འདུག ཐེངས་འདིའི་མཛད་སྒོའི་ཐོག་ཏུ་ཐའེ་ཝན་དང་ཕྱི་འབྲེལ་ཡོད་པའི་རྒྱལ་ཁབ་བརྒྱད་ཙམ་གྱི་དབུ་ཁྲིད་དང་དེ་བཞིན་ཨ་རི་དང་ཉི་ཧོང་། ཁེ་ན་ཌ་སོགས་རྒྱལ་ཁབ་ཁག་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་༥༡ ་གི་སྐུ་ཚབ་མི་སྣ་ཕེབས་ཡོད་འདུག ལྷག་པར་དུ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་དང་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་གཙོས་པའི་བཀའ་སྤྱི་གཉིས་ཀྱི་སྐུ་ཚབ་ཚོགས་པ་ཞིག་ཀྱང་མཉམ་ཞུགས་གནང་ཡོད་འདུག མཉམ་ཞུགས་དེ་ནི་འདས་པའི་ལོ་ངོ་༢༤ རྗེས་ཐོག་མ་དེ་ཆགས་ཡོད་འདུག
སྲིད་འཛིན་གསར་པས་དམ་འབུལ་མཛད་སྒོའི་ཐོག་གསུང་བཤད་གནང་སྐབས། ཁོང་གིས་ཞི་བདེ་ནི་གདམ་ཀ་ཉག་ཅིག་ཡིན་པ་དང་། ཐའེ་ཝན་གྱི་མང་གཙོ་དང་རང་དབང་གི་ཐོག་གུ་ཡངས་གཏོང་གི་མིན་ཞེས་དང་། རྒྱ་ནག་གིས་དམག་དོན་དང་ཆབ་སྲིད་ཀྱི་འཇིགས་སྐུལ་བྱེད་རྒྱུ་མཚམས་འཇོག་བྱེད་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག དེ་བཞིན་ཁོང་གིས་རྒྱལ་ཁབ་ཀྱི་བདག་དབང་དང་མང་གཙོ། རང་དབང་། བཙན་དབང་དང་བྲན་གཡོག་མིན་པའི་ད་ལྟ་གནས་བབ་བཅས་བཞི་པོ་འགྱུར་བ་མེད་པར་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་པ་དང་། རྒྱ་ནག་དང་ལྷན་དུ་ཡུལ་སྐོར་བ་དང་སློབ་ཕྲུག་མངགས་རེས་ཀྱིས་ཕྱོགས་གཉིས་ཀྱི་འབྲེལ་ལམ་བསྐྱར་གསོ་དང་ཞི་འགྲིག་ཡོང་རྒྱུའི་རེ་བ་ཡོད་ཅེས་གཏམ་བཤད་གནང་ཡོད་འདུག

ལས་འཁྱུར་སྲིད་འཛིན་ཚེ་དབྱིན་ཝན་གྱིས་ཕྱི་ལོ་༢༠༡༦ ་ནས་སྲིད་འཛིན་གྱི་འགན་བཞེས་ནས་བཟུང་། ཐའེ་ཝན་ནི་མཚན་མཐུན་གཉེན་སྒྲིག་ལ་ཁྲིམས་མཐུན་བཟོ་མཁན་ཨེ་ཤེ་ཡའི་རྒྱལ་ཁབ་ཐོག་མ་དེར་གྱུར་ཡོད་པ་དང་། ཕོ་མོ་འདྲ་མཉམ་གྱི་ཐད་ཨེ་ཤེ་ཡའི་རྒྱལ་ཁབ་གཞན་ལས་ལྷག་པར་གྱུར་ཡོད་འདུག དེ་བཞིན་བྱིས་པ་གསོ་སྐྱོང་གི་མ་དངུལ་ཡང་ཇེ་མང་དུ་ཕྱིན་ཡོད་འདུག་ཅིང་། སྲིད་འཛིན་ཚེ་དབྱིན་ཝན་གྱིས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་གཙོས་པའི་རྒྱལ་ཁབ་ཁག་ཅིག་གི་གནད་ཡོད་མི་སྣ་མང་པོ་གདན་འདྲེན་ཞུས་པ་སོགས་ལ་བརྟེན། རྒྱ་ནག་དང་འབྲེལ་ལམ་སྡུག་ཏུ་ཕྱིན་ཡོད་པ་དང་། ཕྱི་འབྲེལ་ཡོད་པའི་རྒྱལ་ཁབ་རེ་གཉིས་ཀྱང་ཤོར་ཡོད་འདུག ཡིན་ཡང་། ཁོོང་གི་བྱས་རྗེས་གལ་ཆེ་བ་ཞིག་ནི་ཨ་རི་དང་འབྲེལ་ལམ་བཟང་པོ་བཙུགས་ཐུབ་པ་དང་འཛམ་གླིང་གི་གར་སྟེགས་ཐོག་ཐའེ་ཝན་གྱི་གནས་བབ་མངོན་གསལ་ཇེ་དོད་དུ་བཟོས་ཡོད་པ་དེ་ཆགས་ཡོད་འདུག ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ཁྲོད་ཐའེ་ཝན་གྱི་གནད་དོན་དེ་གལ་འགངས་ཆེ་བ་ཞིག་ཏུ་གྱུར་ཡོད་འདུག
ཐའེ་ཝན་གྱི་སྲིད་འཛིན་གསར་པ་ལའེ་ཆིང་ཏེ་ནི་དགུང་ལོ་༦༤ ཡིན་པ་དང་། ཐའེ་ཝན་ནང་སྨན་པའི་སློབ་སྦྱོང་ཐོན་རྗེས་ཨ་རིའི་ཧྭ་ཝ་ཌི་གཙུག་ལག་སློབ་གཉེར་ཁང་དུ་སློབ་སྦྱོང་བྱས་ཡོད་འདུག ཕྱིས་སུ་རིམ་བཞིན་ཆབ་སྲིད་ལས་དོན་ལ་ཞུགས་ཏེ་མང་ཚོགས་ཡར་ཐོན་ཚོགས་པའི་ཚོགས་མི་ནས་ཚོགས་གཙོ། ཐའེ་ཝན་གྲོས་ཚོགས་སྐབས་བཞི་པ་ནས་བདུན་པའི་བར་གྱི་འཐུས་མི། འཛིན་སྐྱོང་སྲིད་བློན་ལས་ཁུངས་ཀྱི་སྐབས་༢༩ པའི་སྲིད་བློན་དང་ཐའེ་ཝན་སྐབས་༡༤ པའི་སྲིད་འཛིན་གཞོན་པ། ད་ཐེངས་ཐའེ་ཝན་སྐབས་༡༦ པའི་སྲིད་འཛིན་གྱི་དམ་འབུལ་ཞུས་ཡོད་འདུག རྒྱ་གཞུང་གིས་ཁོང་ནི་ཁ་བྲལ་རིང་ལུགས་པ་ཞིག་ལ་ངོས་འཛིན་གྱིས་དོགས་ཟོན་ཆེན་པོ་བྱེད་ཀྱི་ཡོད་འདུག ད་ལྟའི་ཆར་རྒྱ་ནག་དང་ཐའེ་ཝན་བར་གྱི་འབྲེལ་ལམ་མི་ལེགས་པ་དང་ཐའེ་ཝན་གྱི་གྲོས་ཚོགས་སུ་ཡང་རྙོག་གླེང་བྱུང་ཡོད་པས་ཁོང་གི་མདུན་དུ་དཀའ་ངལ་དུ་མ་ཞིག་མུ་མཐུད་སེལ་རྒྱུ་ལྷག་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།