ཐའེ་ཝན་གྱིས་ཞི་ཅིན་ཕིང་གི་སྡིགས་རར་རྒོལ་ལན་བསློགས་འདུག
ཉེ་ཆར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས། ཐའེ་ཝན་རྒྱ་ནག་གི་མངའ་འོག་ཏུ་འཛུལ་རྒྱུ་དེ་ནི་གཡོལ་ཐབས་མེད་པ་ཞིག་ཡིན་ཁར། དེ་ཡང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་ལག་བསྟར་བྱེད་རྒྱུ་ཡིན་པ། དེ་བཞིན་ཐའེ་ཝན་དང་རྒྱ་ནག་གཅིག་ཏུ་བསྒྲིལ་ཆེད་དྲག་པོའི་ཐབས་ལམ་ལ་འཇུག་དགོས་ཚེ་དེ་ལྟར་བྱེད་རྒྱུ་ཡིན་སྐོར་བརྗོད་པར། ཐའེ་ཝན་གྱི་སྲིད་འཛིན་ཚེ་དབྱིང་ཝན་གྱིས་དགག་བྱ་བྱས་པ་ལྟར། ཐའེ་ཝན་གྱི་གདོད་མའི་མི་རིགས་དང་དེ་བཞིན་རྒྱལ་སྤྱིའི་ཤེས་ཡོན་པ་དང་ཆབ་སྲིད་དང་དམག་དོན་མི་སྣ་ཟུར་པ་ཁག་ཅིག་བཅས་ཀྱིས་ཡོངས་གྲགས་འཕྲིན་ཡིག་མི་འདྲ་བ་གཉིས་བཏང་ནས། ཞི་ཅིན་ཕིང་གི་སྡིགས་རར་རྒོལ་ལན་བསློགས་འདུག་པ་དང་། ཐའེ་ཝན་གྱི་དམག་མིས་རྒྱ་ནག་གི་བཙན་འཛུལ་འགོག་པའི་དམག་སྦྱོང་བྱེད་རྒྱུའི་གསལ་བསྒྲགས་བྱས་འདུག
ཟླ་འདིའི་ཚེས་༩ ཉིན་རྒྱལ་སྤྱིའི་ཤེས་ཡོན་པ་དང་གཞུང་དང་དམག་གི་ལས་བྱེད་ཟུར་པ་ཁྱོན་མི་གྲངས་༤༤ ཡིས་ཐའེ་ཝན་མི་མང་ལ་ཡོངས་ཁྱབ་འཕྲིན་ཡིག་གཅིག་དྲ་ཐོག་ཏུ་བཀོད་ཡོད་པའི་ནང་། “མིང་རྟགས་བཀོད་མཁན་ཤེས་ཡོན་པ་དང་གཞུང་དང་དམག་གི་ལས་བྱེད་ཟུར་པ། དེ་བཞིན་ཐའེ་ཝན་གྱི་གྲོགས་པོ་ཚོ་ནི། ལོ་མང་རིང་ནས་ཐའེ་ཝན་མང་གཙོར་འགྱུར་པའི་བརྒྱུད་རིམ་ལ་དོ་སྣང་དང་བསྔགས་བརྗོད་བྱེད་མཁན་ཡིན་པ་དང་། ཐེངས་འདིར་ཐའེ་ཝན་མི་མང་ལ་ང་ཚོས་སེམས་འཚབ་ཆེན་པོའི་ཐོག་ནས། གལ་གནད་ཆེ་བའི་དུས་སྐབས་དེར་ཐའེ་ཝན་མི་མང་གིས་ཆིག་སྒྲིལ་ངང་མུ་མཐུད་མདུན་བསྐྱོད་བྱེད་པའི་རེ་སྐུལ་བྱེད་ཀྱི་ཡོད།”ཅེས་བྲིས་ནས།
འདས་པའི་ལོ་གཉིས་ཀྱི་རིང་། རྒྱ་ནག་གིས་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ཐའེ་ཝན་གཙིར་ཐབས་གང་ཡོང་བྱས་ཡོད་ཁར། དམག་སྟོབས་ཆེ་རུ་བཏང་ནས་སྡིགས་ར་བསྐུལ་བ་སོགས་བྱས་ཏེ། ཐའེ་ཝན་གྱི་མདུན་ལམ་དེ་རྒྱ་ནག་གི་དབང་ཆ་གཅིག་སྡུད་གཞུང་གི་འོག་ཏུ་འཛུལ་རྒྱུ་ལས་ལྷག་པ་མེད་པའི་སྣང་བ་སྟེར་ཐབས་བྱས་ཡོད་པ་དང་། ཉེ་བའི་ཆར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་སྡིགས་ར་ལ། ཐའེ་ཝན་གྱི་སྲིད་འཛིན་ཚེ་དབྱིང་ཝེན་གྱིས་ལན་འདེབས་གནད་ལ་འཁེལ་བ་བརྒྱབ་པ་དེར་རྒྱབ་སྐྱོར་ཡོད་སྐོར་དང་། ཐའེ་ཝན་མི་མང་གིས་རྒྱ་ནག་གི་གནོན་ཤུགས་ལ་འགོག་རྒོལ་བྱས་ཏེ་མང་གཙོའི་ལམ་ལུགས་སྲུང་སྐྱོབ་བྱེད་བཞིན་པ་དེར་རྗེས་སུ་ཡི་རངས་ཞུ་ཡི་ཡོད་པ། འོན་ཀྱང་ཉེ་བའི་ཆར་རྒྱ་ནག་གིས་ངན་བྱུས་བཤམས་པ་དང་ལོག་བཤད་བྱས་པ་དག་གིས། ཐའེ་ཝན་ནང་ཐེ་ཚོམས་དང་ཆིག་སྒྲིལ་མེད་པ་བཟོས་ནས། སྤྱི་ཚོགས་ལྷིང་འཇགས་མེད་པ་ཆགས་སྲིད་པ་དང་། རྒྱ་ནག་གིས་གནད་དོན་དེ་ཁ་ལ་ཁྱེར་ནས་དྲག་པོའི་བཙན་འཛུལ་བྱེད་པའི་སེམས་འཚབ་ཡོད་པ། ད་ལྟའི་ཆར་ཐའེ་ཝན་དེ་རང་དབང་ཅན་དང་མང་གཙོའི་རྒྱལ་ཁབ་ཅིག་ཡིན་པའི་གནས་བབ་ལ་ཉེན་ཁ་ཡོད་པ་ལྟར། ཐའེ་ཝན་གྱི་མང་གཙོའི་ལམ་ལུགས་ཀྱི་ལས་དོན་ནང་། རྒྱལ་ཁབ་ཀྱི་ཆིག་སྒྲིལ་ལ་མི་གནོད་པ་བྱེད་རྒྱུ་གལ་ཆེན་ཡིན་པ། གལ་ཏེ་ཐའེ་ཝན་མི་མང་གིས་རྒྱ་ནག་གི་ཉེན་ཁ་མ་རྟོག་པར་སྣང་མེད་བཏང་ནས་སོང་ཚེ། དྲག་གནོན་ཅན་གྱི་རྒྱ་ནག་གི་འགོ་ཁྲིད་ཚོར། ཐའེ་ཝན་མི་མང་ནང་ཆིག་སྒྲིལ་མེད་པ་བཟོ་རྒྱུའི་གོ་སྐབས་སྤྲད་ནས། ཐའེ་ཝན་དེ་རྒྱ་ནག་གི་ཁོངས་སུ་མི་འཛུལ་ཐབས་མེད་ཆགས་རྒྱུ་ཡིན་སྐོར་བརྗོད་ནས། ཤར་ཏུར་ཀི་དང་། བོད། ཧོང་ཀོང་སོགས་ལ་གནས་ཚུལ་དེ་འདྲ་བྱུང་སྐོར། རྒྱལ་ཁབ་དེ་ཚོའི་ནང་དྲག་གནོན་བྱེད་བཞིན་པ་དང་། རང་དབང་དང་མང་གཙོ་མེད་པའི་གནས་སྟངས་དེས་ཐའེ་ཝན་མི་མང་གཉིད་ལས་སད་པའི་འབོད་སྒྲར་ངོས་འཛིན་ངེས་པར་དུ་བྱེད་དགོས་སྐོར་བརྗོད་ནས། ཐའེ་ཝན་མི་མང་གིས་ཆིག་སྒྲིལ་སྲུང་སྐྱོབ་དང་། མང་གཙོའི་ལམ་ནས་འདེམས་ཐོན་བྱུང་བའི་སྲིད་འཛིན་ལ་རྒྱབ་སྐྱོར་བྱེད་རྒྱུ། དེ་བཞིན་མ་འོངས་མདུན་ལམ་དེ་རང་དབང་ལྡན་པའི་མང་གཙོའི་རྒྱལ་ཁབ་ཅིག་གི་འཆར་སྣང་དེ་མུ་མཐུད་ཉར་པའི་འབོད་སྐུལ་བྱས་འདུག འཕྲིན་ཡིག་དེ་གཏོང་མཁན་ཕལ་ཆེ་བ་ཨ་རིའི་མི་སེར་ཡིན་འདུག
དེ་བཞིན་ཟླ་འདིའི་ཚེས་༩ ཉིན་ཐའེ་ཝན་གྱི་གདོད་མའི་མི་རིགས་ཀྱིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལ་ཡོངས་ཁྱབ་འཕྲིན་ཡིག་ཅིག་བཏང་བའི་ནང་། ཁོ་ཚོ་ནི་ཐའེ་ཝན་གྱི་གདོད་མའི་མི་རིགས་ཡིན་ཁར། རྒྱལ་ཁབ་དེར་ལོ་ངོ་༦༠༠༠ ལས་མང་བའི་སྔོན་ནས་དེ་གར་གནས་སྡོད་བྱས་ཡོད་པས། རྒྱ་ནག་ཅེས་པའི་རྒྱལ་ཁབ་དེའི་གྲངས་ཉུང་མི་རིགས་མིན་པ་ཐེ་ཚོམས་མེད་ཁར། ཁོ་ཚོའི་མི་རབས་མང་པོས་ཐའེ་ཝན་གྱི་ས་ཆ་སྲུང་སྐྱོབ་བྱེད་ཆེད་རང་སྲོག་བློས་བཏང་ཡོད་པས། ས་ཆ་དེ་རྩ་ཆེན་པོ་ཡིན་ཁར། རྒྱ་ནག་ལ་བདག་གི་མེད་སྐོར་བརྗོད་ནས། ཉེ་ཆར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ཐའེ་ཝན་དེ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་འོག་རྒྱ་ནག་ཁོངས་སུ་འཛུལ་དགོས་པ་དང་། དྲག་པོའི་ཐབས་ལམ་ཡང་བེད་སྤྱོད་བྱེད་རྒྱུ་ཡིན་པའི་ཉེན་བརྡ་དང་འབྲེལ་ནས་བརྗོད་དོན། ཁོ་ཚོས་རྒྱ་ནག་གཞུང་གིས་བོད་མི་དང་ཡུ་གུར་བ་རྣམས་རྒྱ་རིགས་ལ་བཙན་དབང་གྱི་ཐོག་ནས་འགྱུར་ཆེད་དུ། མི་རིགས་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་རྩ་མེད་གཏོང་བཞིན་པ་དང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་འོག ཧོང་ཀོང་མི་མང་ལ་མང་གཙོ་དང་རང་དབང་རྣམས་མྱུར་པོའི་ངང་མེད་པ་ཆགས་བཞིན་པ། དེ་བཞིན་རྒྱ་ནག་སྐམ་ས་ཆེན་མོའི་ནང་མི་མང་ལ་སྨྲ་བརྗོད་རང་དབང་མེད་ཁར། འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་སྲུང་སྐྱོབ་བྱེད་ཐུབ་ཀྱི་མེད་པ་སོགས་ཀྱི་ཤེས་རྟོག་ཡོད་པ། ཐའེ་ཝན་རྒྱལ་ཁབ་ཀྱི་མ་འོངས་མདུན་ལམ་དེ་གདོད་མའི་མི་རིགས་ཚུད་པའི་ཐའེ་ཝན་གྱི་མི་མང་གི་སྡེ་ཁག་ཚང་མའི་རང་ཐག་རང་གཅོད་ལ་གཞི་བཅོལ་རྒྱུ་ཡིན་པ། སྲིད་འཛིན་ཞི་ཅིན་ཕིང་གིས་ཐའེ་ཝན་མི་མང་ལ་དྲག་པོའི་སྡིགས་ར་བསྐུལ་རྒྱུ་མཚམས་བཞག་ནས། རྒྱ་ནག་ནང་གི་མི་མང་ཚོར་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་སྤྲོད་ཐབས་བྱེད་དགོས་སྐོར་བརྗོད་འདུག
དེ་བཞིན་ཁོ་ཚོས་ད་བར་ཐའེ་ཝན་གྱི་བདག་དབང་དེ་ཁོ་ཚོར་ཡོད་པའི་འཐབ་རྩོད་ལ་ནམ་ཡང་སེམས་ཤུགས་ཆགས་མྱོང་མེད་པ་དང་། མུ་མཐུད་ནས་རྒྱལ་ཁབ་དེ་སྲུང་སྐྱོབ་བྱེད་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ། གལ་ཏེ་མ་འོངས་པར་རྒྱ་ནག་གིས་ལོ་རྒྱུས་དང་མི་རིགས། རྒྱལ་ཁབ་ཀྱི་མངའ་ཁོངས་སོགས་ཀྱི་ཐད་ལ་ལོག་བཤད་བྱེད་རྒྱུ་མཚམས་བཞག་ནས། མཛའ་འབྲེལ་གྱི་ཁྱིམ་མཚེས་རྒྱལ་ཁབ་ཅིག་ཏུ་གྱུར་ཚེ། ལྷག་བསམ་ལྡན་པའི་ཐོག་ནས་རྒུན་ཆང་འདེགས་རྒྱུ་ཡིན་སྐོར་བརྗོད་འདུག
དེ་ཡང་ཟླ་༡ པོའི་ཚེས་༢ ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས། ཐའེ་ཝན་ནི་རྒྱ་ནག་གི་མངའ་ཁོངས་ཡིན་པའི་དྲང་བདེན་གནད་དོན་དེ་འགྱུར་བ་གཏོང་ཐུབ་མཁན་སུ་གང་མེད་པས། ཐའེ་ཝན་མི་མང་གིས་རང་བཙན་བརྩད་ན་དཀའ་ངལ་མ་གཏོགས་ཡོང་རྒྱུ་མེད་པ་ངེས་ཤེས་རྙེད་པ་བྱས་ཏེ། ཞི་བའི་ངང་རྒྱ་ནག་གི་མངའ་ཁོངས་སུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་འོག་ཕྱིར་ལོག་བྱེད་རྒྱུ་གལ་ཆེན་ཡིན་སྐོར་དང་། རང་བཙན་གྱི་ལས་འགུལ་སྤེལ་མཁན་ཚང་མར་བཟོད་སྲན་བྱེད་ཐབས་མེད་ཁར། རྒྱ་ནག་གིས་ཐའེ་ཝན་རྒྱ་ནག་གི་མངའ་ཁོངས་སུ་ཕྱིར་ལོག་ཡོང་ཐབས་སུ་དྲག་པོའི་དམག་འཐབ་བྱེད་པའི་ལམ་ཁ་ལ་འགྲོ་རྒྱུའི་འདམ་ག་མུ་མཐུད་ཉར་རྒྱུ་ཡིན་སྐོར་བརྗོད་ཡོད་པས། ཐའེ་ཝན་གྱི་སྲིད་འཛིན་ལྕམ་ཚེ་དབྱིང་ཝན་གྱིས་ཐའེ་ཝན་གྱིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་ཟེར་བ་དེར་ཁས་ལེན་བྱེད་ཀྱི་མེད་པ་དང་། ཐའེ་ཝན་མི་མང་ཕལ་ཆེ་བས་སྲིད་བྱུས་དེར་ངོ་རྒོལ་དྲག་པོ་བྱེད་ཀྱི་ཡོད་སྐོར་བརྗོད་ནས། ཐའེ་ཝན་དང་ཕྱོགས་གཉིས་གྲོས་མོལ་བྱེད་རྒྱུའི་འདོད་པ་ཡོད་ཀྱང་། དེ་ཡང་ཐའེ་ཝན་དེ་མང་གཙོའི་རྒྱལ་ཁབ་གཅིག་གི་ངོ་བོའི་ཐོག་ནས་བྱེད་རྒྱུ་ཡིན་སྐོར་གྱི་ལན་འདེབས་བྱས་ཡོད་པ་རེད།
དེའི་ཐོག་ཟླ་འདིའི་ཚེས་༩ ཉིན་ཐའེ་ཝན་གྱིས་ལོ་འདིར་རྒྱ་ནག་གི་བཙན་འཛུལ་འགོག་ཐབས་ཀྱི་དམག་སྦྱོང་གཞི་རྒྱ་ཆེ་བ་ཁག་ཅིག་བྱེད་རྒྱུའི་གསལ་བསྒྲགས་བྱས་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།