ཐའེ་ཝན་ལ་རྩ་ཁྲིམས་གསར་པ་གཏན་འབེབས་ཡོང་ཆེད་དུ་སྙན་ཞུ་བརྒྱབ་འདུག

ཐའེ་ཝན་ནང་གི་ཐའེ་ཝན་གྱི་རྩ་ཁྲིམས་གསར་པའི་ཐེབས་རྩ་ཞེས་པས། ཐའེ་ཝན་གྱི་རྩ་ཁྲིམས་ནང་རྒྱ་ནག་དང་ཐའེ་ཝན་གཉིས་རྒྱལ་ཁབ་གཅིག་ཡིན་ཞེས་འཁོད་ཡོད་པ་དེ་དངོས་ཡོད་དང་མཐུན་གྱི་མེད་སྐོར་བརྗོད་ནས་། རྩ་ཁྲིམས་གསར་པ་ཟིན་བྲིས་བྱེད་མིན་ཐད། མང་མོས་འོས་བསྡུ་ཐག་གཅོད་གོ་སྒྲིག་བྱེད་དགོས་པའི་སྙན་ཞུ་བརྒྱབ་འདུག 

ཟླ་༥ པའི་ཚེས་༡ ཉིན་ཐའེ་ཝན་གྱི་དུས་བབ་སྟེང་དུ་གནས་ཚུལ་སྤེལ་གསལ། ཟླ་༤ པའི་ཚེས་༣༠ ཉིན་ཐའེ་ཝན་གྱི་དབུས་འོས་བསྡུ་ལས་ཁང་ལ། ཐའེ་ཝན་གྱི་རྩ་ཁྲིམས་གསར་པའི་ཐེབས་རྩ་ཞེས་པའི་(Taiwan New Constitution Foundation )ཚོགས་པ་ནས། རྩ་ཁྲིམས་གསར་པ་ཟིན་བྲིས་བྱེད་དགོས་མིན་ཐད་མང་མོས་འོས་བསྡུ་ཐག་གཅོད་གོ་སྒྲིག་བྱེད་དགོས་པའི་སྙན་ཞུ་གཉིས་བརྒྱབ་འདུག དེ་ཡང་ཚོགས་པ་དེའི་སྤྱི་ཁྱབ་འགན་འཛིན་ལིན་ཡི་ཆེན་གྱིས། ད་ཡོད་ཀྱི་རྩ་ཁྲིམས་ནང་དུ་རྒྱ་ནག་དང་ཐའེ་ཝན་གཉིས་ནི་རྒྱལ་ཁབ་གཅིག་ཡིན་སྐོར་འཁོད་ཡོད་པ་དང་། དེ་ནི་དངོས་ཡོད་གནས་ཚུལ་དང་མཐུན་གྱི་མེད་ཁར། བསམ་ཚུལ་དེ་ལ་བརྟེན་ནས་རྒྱལ་སྤྱིའི་ནང་ཐའེ་ཝན་ལ་དྲང་བདེན་གྱི་ལྟ་ཚུལ་འཛིན་མཁན་ཡོང་གི་མེད་པས། རྩ་ཁྲིམས་གསར་པ་ཞིག་གིས་ཐའེ་ཝན་དེ་ལུགས་མཐུན་གྱི་རྒྱལ་ཁབ་གཅིག་ལ་ངོས་འཛིན་ཡོང་ཐུབ་སྲིད་པ། ཐའེ་ཝན་ནང་མང་གཙོ་ལམ་ལུགས་ལག་བསྟར་བྱུང་ནས་མི་ལོ་༣༠ སོང་ཡོད་པས། ཐའེ་ཝན་དེ་མི་མང་གིས་སོ་སོའི་རྒྱལ་ཁབ་དེར་མིང་གང་གི་ཐོག་ནས་འབོད་པ་དང་རྒྱལ་ཁབ་ཀྱི་མ་འོངས་པ་གང་འདྲ་དགོས་མིན་ཐད་མཉམ་རུབ་ཀྱིས་ཐག་གཅོད་བྱེད་ཐུབ་རྒྱུ་ཡོད་པའི་རྒྱལ་ཁབ་གཅིག་ཡིན་དགོས་སྐོར་བརྗོད་འདུག

ཐའེ་ཝན་གྱི་མང་མོས་འོས་བསྡུ་ཐག་གཅོད་ཀྱི་ཁྲིམས་ནང་དུ། སྲིད་འཛིན་གྱི་འོས་བསྡུ་ཉེ་ཤོས་ནང་དུ་འོས་འཕེན་པའི་གྲངས་འབོར་ནས་མི་མང་བརྒྱ་ཆ་༠.༠༡ གིས་མང་མོས་འོས་བསྡུ་ཐག་གཅོད་ཀྱི་སྙན་ཞུ་ལ་མིང་རྟགས་བཀོད་དགོས་པ་གསལ་ཡོད་འདུག་པས། འདི་ལོའི་སྲིད་འཛིན་འོས་བསྡུར་འོས་འཕེན་པའི་ཁ་གྲངས་ལ་གཞིགས་ན། མི་མང་༡༩༣༡ གི་མིང་རྟགས་དགོས་ཀྱི་ཡོད་འདུག དབུས་འོས་བསྡུ་ལས་ཁང་ལ་ཕུལ་བའི་སྙན་ཞུ་གཉིས་ཀར་མིང་རྟགས་༣༠༠༠ ལས་མང་བ་ཐོབ་འདུག་པས། གལ་ཏེ་དབུས་འོས་བསྡུ་ལས་ཁང་གིས་སྙན་ཞི་དེ་གཉིས་ཁས་ལེན་བྱས་ཚེ། ལོ་རྗེས་མའི་ཟླ་༨ པའི་ཚེས་༢༨ ཉིན་མང་མོས་འོས་བསྡུ་ཐག་གཅོད་གོ་སྒྲིག་བྱེད་ཆེད་ཀྱི་རྒྱུད་རིམ་གཉིས་པར། སྙན་ཞུ་འབུལ་མཁན་ཚོགས་པ་དེས་སྙན་ཞུར་མིང་རྟགས་༢༨༩༦༦༧ ལས་མང་བ་བསྡུ་རུབ་བྱེད་དགོས་ཀྱི་ཡོད་འདུག

སྙན་ཞུའི་ནང་དུ་དྲི་བ་གཉིས་ཀྱི་ཐོག་ལ་མང་མོས་འོས་བསྡུ་ཐག་གཅོད་གོ་སྒྲིག་བྱེད་དགོས་ཀྱི་ཡོད་པ་དང་། དེ་ཡང་དྲི་བ་དང་པོ་དེར་ཁྱེད་རང་གིས་སྲིད་འཛིན་གྱིས་རྒྱལ་ཁབ་ཀྱི་རྩ་ཁྲིམས་བཅོས་སྒྱུར་བྱེད་པའི་ལས་དོན་འགོ་འཛུགས་བྱེད་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད་དམ་དང་། དྲི་བ་གཉིས་པ་ནི་ཁྱེད་རང་གིས་སྲིད་འཛིན་གྱིས་དངོས་ཡོད་གནས་ཚུལ་དང་མཐུན་པའི་རྩ་ཁྲིམས་གསར་པ་ཞིག་གཏན་འབེབས་བྱེད་པའི་ཤུགས་སྣོན་རྒྱག་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད་དམ་བཅས་རེད་འདུག

ཚོགས་པ་དེའི་སྤྱི་ཁྱབ་འགན་འཛིན་ལིན་གྱིས་དབུས་འོས་བསྡུ་ལས་ཁང་གིས་སྙན་ཞུ་དེ་གཉིས་ངོས་ལེན་བྱེད་པའི་རེ་བ་ཆེན་པོ་ཡོད་པ་དང་། ཐའེ་ཝན་ནང་མི་མང་གིས་རྒྱལ་ཁབ་ཀྱི་སྲིད་བྱུས་གལ་ཆེན་ཐོག་གི་ཐག་གཅོད་རྒྱུད་རིམ་ནང་ཐད་ཀར་མཉམ་ཞུགས་བྱེད་པར་ཁྲིམས་ལུགས་ནང་ལམ་ཁ་གཅིག་པུ་དེ་ནི་མང་མོས་འོས་བསྡུ་ཐག་གཅོད་ཡིན་སྐོར་བརྗོད་འདུག

ཐའེ་ཝན་ནང་རྒྱ་ནག་གི་གནོན་ཤུགས་འོག་མགོ་མི་སྒུར་བར་ཁ་གཏད་གཅོག་པར་རྒྱབ་སྐྱོར་བྱེད་མཁན་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་དེ་ནི། འདི་ལོའི་སྲིད་འཛིན་དང་གྲོས་ཚོགས་འོས་བསྡུའི་གྲུབ་དོན་ལས་གསལ་པོ་ཆགས་ཡོད་པ་རེད་དེ། རྒྱལ་སྤྱིའི་ནང་མངོན་གསལ་དོད་པོར་ཐའེ་ཝན་ལ་རྒྱབ་སྐྱོར་བྱེད་མཁན་རྒྱལ་ཁབ་ཉུང་ཤས་ལས་མེད་ཁར། དེ་དག་ཕལ་ཆེ་བ་ནི་སྟོབས་ཆུང་རྒྱལ་ཁབ་ཤ་སྟག་ཡིན་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།