ཐར་མོ་ཧྥེ་ཤར་བཟོ་ཚོང་ཁང་གིས་རྒྱ་ནག་ལ་རིགས་རྫས་བསྡུ་རུབ་ཀྱི་ཡོ་ཆས་འཚོང་རྒྱུ་མཚམས་འཇོག་བྱས་འདུག
ཟླ་འདིའི་ཚེས་༤ ཉིན་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རི་ལ་རྟེན་གཞི་བྱས་པའི་ཐར་མོ་ཧྥེ་ཤར་བཟོ་ཚོང་ཁང་གིས་རྒྱ་ནག་ལ་རིགས་རྫས་བསྡུ་རུབ་ཀྱི་ཡོ་ཆས་འཚོང་རྒྱུ་མཚམས་འཇོག་བྱས་ཡོད་ཅེས་བརྗོད་པའི་གནས་ཚུལ་ཐོན་འདུག

ཉེ་བའི་ལོ་ཤས་ནང་རྒྱ་གཞུང་གིས་ཨ་རི་ལ་རྟེན་གཞི་བྱས་པའི་ཐར་མོ་ཧྥེ་ཤར་(Thermo Fisher) ་བཟོ་ཚོང་ཁང་གི་རིགས་རྫས་བསྡུ་རུབ་ཀྱི་ཡོ་ཆས་བེད་སྤྱོད་བྱས་ནས་བོད་ནང་གི་བོད་མི་ཚོའི་རིགས་རྫས་བསྡུ་ལེན་བྱས་པའི་གནས་ཚུལ་མང་དག་ཅིག་ཐོན་ཡོད།
ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ (Human Rights Watch) ཚོགས་པའི་སྙན་ཐོའི་ནང་། ཉམས་ཞིབ་པ་འགས་རྒྱ་གཞུང་གིས་བོད་རང་ལྗོངས་ཟེར་བའི་ནང་བོད་མིའི་རིགས་རྫས(DNA) བསྡུ་ལེན་གྱི་ལས་གཞི་འདི་ཉིད་ཕྱི་ལོ་༢༠༡༣ ་ཙམ་ནས་མངོན་གསལ་མེད་པའི་ཐོག་ནས་འགོ་འཛུགས་བྱས་ཡོད་པ་དང་། དེང་སང་བོད་རིགས་བྱིས་པ་ལོ་ན་ལྔ་ཡན་གྱི་རིགས་རྫས་བསྡུ་ལེན་བྱེད་བཞིན་ཡོད་པ་སོགས་བཀོད་ཡོད་འདུག
ཨ་རི་ལ་རྟེན་གཞི་བྱས་པའི་ཐར་མོ་ཧྥེ་ཤར་བཟོ་ཚོང་ཁང་གིས་རྒྱ་ནག་ལ་རིགས་རྫས་བསྡུ་རུབ་ཀྱི་ཡོ་ཆས་འཚོང་གི་ཡོད་པར་བརྟེན། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་སོགས་ཀྱིས་ཐར་མོ་ཧྥེ་ཤར་བཟོ་ཚོང་ཁང་ལ་རིགས་རྫས་བསྡུ་རུབ་ཀྱི་ཡོ་ཆས་རྒྱ་ནག་ལ་འཚོང་མཚམས་འཇོག་དགོས་པའི་ལས་འགུལ་སྣ་ཚོགས་སྤེལ་ཡོད་པ་དང་།
ལྷག་པར་དུ་ཕྱི་ལོ་༢༠༢༣ ཟླ་བ་༤ ཚེས་༡༠ ་ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་སྐུ་ཞབས་ཨན་ཊོ་ནེ་བྷི་ལིན་ཀེན་ (Antony J. Blinken) གྱིས་ཨ་རིའི་རྒྱལ་ས་ཝ་ཤིན་ཌོན་དུ་རྟེན་གཞི་བྱས་པའི་རང་དབང་ཁང་པའི་ཕྱི་ལོ་༢༠༢༣ ལོའི་ལོ་འཁོར་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོའི་ཐོག བོད་ནང་རྒྱ་ནག་གཞུང་གིས་གཞི་རྒྱ་ཆེ་བའི་སྒོ་ནས་བོད་མིའི་རིགས་རྫས་བསྡུ་ལེན་བྱས་པ་དེ་ནི་བོད་མིའི་མི་འབོར་ཐོག་དམ་བསྒྲགས་དང་བྱ་ར་བྱེད་སྟངས་ཀྱི་རྣམ་པ་འཕར་མ་ཞིག་ཡིན་པས། ང་ཚོར་སེམས་འཚབ་བྱུང་ཞེས་གསུངས་ཡོད།
གཞན་ཡང་། ཕྱི་ལོ་༢༠༢༢ ལོ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ཚོགས་པའི་ཚོགས་མི་རྣམ་པས་རྒྱ་ནག་གཞུང་གིས་བོད་མི་ཚོའི་རིགས་རྫས་བསྡུ་རུབ་བྱས་ཡོད་པའི་སྐོར་ཞིབ་འཇུག་གནང་དགོས་པའི་མཚན་འཁོད་ཡི་གེ་ཞིག་ཡུ་རོབ་སྤྱི་མཐུན་ཚོགས་པ་དང་རྒྱལ་ཁབ་བཅུ་གསུམ་ལྷག་གི་ཕྱི་སྲིད་བློན་ཆེན་རྣམས་ལ་ཕུལ་ཡོད་འདུག
དེ་བཞིན་འཛམ་གླིང་གང་སར་ཡོད་པའི་བོད་མི་མང་པོས་རྒྱ་ནག་གཞུང་དང་ཨ་རིའི་བཟོ་ཚོང་ཁང་དེ་ལ་ཐོག་མཐའ་བར་གསུམ་དུ་ངོ་རྒོལ་གྱི་ལས་འགུལ་སྣ་ཚོགས་སྤེལ་ཡོད་པར་བརྟེན། ཕྱི་ལོ་༢༠༢༣ ལོའི་ལོ་དཀྱིལ་ཙམ་ནས་ཨ་རི་ལ་རྟེན་གཞི་བྱས་པའི་ཐར་མོ་ཧྥེ་ཤར་བཟོ་ལས་ཁང་གིས་རྒྱ་ནག་ལ་རིགས་རྫས་བསྡུ་རུབ་ཀྱི་ཡོ་ཆས་འཚོང་རྒྱུ་མཚམས་འཇོག་བྱས་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།
