ད་བར་ཨ་རིའི་སྲིད་འཛིན་བཞི་དང་སྲིད་འཛིན་གྱི་འོས་མི་གཅིག་བཅས་ལ་ལྐོག་མདའ་བརྒྱབས་ནས་བཀྲོངས།

ཟླ་འདིའི་ཚེས་༡༤ ་ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ལོ་ན་ཉི་ཤུ་ལ་སོན་པའི་གཞོན་སྐྱེས་ཤིག་གིས་ཨ་རིའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ཊམ་ལ་མེ་མདའ་བརྒྱབས་ནས་རྣ་ལ་རྨས་སྐྱོན་བཏང་ཡོད་པ་དང་། གཏམ་བཤད་ཉན་དུ་ཡོང་མཁན་གཉིས་རྨས་ཞིང་ལོ་ན་ལྔ་བཅུ་སོན་པའི་སྐྱེས་པ་ཞིག་བསད་ཡོད་པའི་གནས་ཚུལ་ཐོན་འདུག

པར། N9NE གསར་ཁང་།

ཟླ་འདིའི་ཚེས་༡༣ ་ཉིན་ཨ་རིའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ཌོ་ནལ་ཊམ་གྱིས་༼Pennsylvania༽ མངའ་སྡེ་

ལ་འོས་བསྡུ་དྲིལ་བསྒྲགས་ཀྱི་གཏམ་བཤད་སྤེལ་འགོ་འཛུགས་སྐབས། ལོ་ན་༢༠ ལ་སོན་པའི་གཞོན་སྐྱེས་ཤིག་གིས་ཁོང་ལ་མེ་མདའ་བརྒྱབས་ནས་རྣ་བ་གཡས་པར་རྨས་སྐྱོན་བཏང་ཡོད་པ་དང་། གཏམ་བཤད་ཉན་དུ་ཡོང་མཁན་གཉིས་རྨས་ཤིང་ལོ་ན་༥༠ ལ་སོན་པའི་སྐྱེས་པ་ཞིག་བསད་ཡོད་འདུག

མེ་མདའ་རྒྱག་མཁན་གཞོན་སྐྱེས་དེའི་མིང་ལ་(Thomas Matthew Crooks) ་ཟེར་ཞིང་། ཨ་རིའི་སྤྱི་མཐུན་ཚོགས་པའི་ནང་འོས་བླུག་མཁན་ཡིན་པའི་ཐོ་འགོད་བྱས་ཡོད་པ་དང་། སྲིད་འཛིན་གྱི་འོས་བསྡུའི་ནང་མཉམ་ཞུགས་བྱས་པ་ཐེངས་དང་པོ་ཆགས་ཀྱི་ཡོད་འདུག ཁོང་གིས་ཊམ་གྱི་གཏམ་བཤད་སྤེལ་ས་ནས་མི་ཊར་༡༤༠ ཙམ་གྱི་ཁང་པའི་ཐོག་ནས་མེ་མདའ་བརྒྱབས་འདུག ཁོས་མེ་མདའ་ཁ་ཤས་ཤིག་བརྒྱབས་རྗེས་གསང་བའི་སྐུ་སྲུང་མི་སྣས་ཁོ་ལ་མེ་མདའ་བརྒྱབས་ནས་འཕྲལ་དུ་ཡུལ་དངོས་ལ་བསད་ཡོད་འདུག མི་དེས་བཀོལ་བའི་མེ་མདའ་དེ་ནི་ཁོ་རང་གི་ཨ་ཕས་ཁྲིམས་མཐུན་ཐོག་ནས་ཉོས་ཡོད་འདུག ཁོའི་ཨ་ཕས་སྤྱི་མཐུན་ཚོགས་པའི་ནང་ཐོ་འགོད་བྱས་ཡོད་པ་དང་ཨ་མས་མང་གཙོ་ཚོགས་པའི་ནང་ཐོ་འགོད་བྱས་ཡོད་འདུག

(པར། THE HINDU ཊོམ་ལ་མེ་མདའ་རྒྱག་མཁན། )

ཨ་རིའི་ནང་ལྐོག་གསོད་ཀྱི་དོན་རྐྱེན་དེ་བྱུང་བ་དང་རྒྱ་གར་དང་ཁེ་ན་ཌ། འཇར་མན་གྱི་སྲིད་བློན་དང་ཧྥ་རན་སི་དང་ཐའེ་ཝན་སོགས་འཛམ་གླིང་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོས་སྲིད་འཛིན་འོས་མི་ཌ་ནལ་ཊམ་གང་མྱུར་དྲག་སྐྱེད་ཡོང་བའི་སྨོན་འདུན་དང་ལྐོག་གསོད་ཀྱི་དོན་རྐྱེན་ལ་སྐྱོན་བརྗོད་དྲག་པོ་བྱས་འདུག སྲིད་འཛིན་བྷ་ཌན་གྱིས་ཀྱང་དྲག་པོ་ནི་དཀའ་ངལ་སེལ་ཐབས་ཤིག་མ་ཡིན་པ་དང་། ཆིག་སྒྲིལ་དགོས་པ། ཨ་རིའི་ནང་དྲག་པོའི་ལས་ཀ་དེ་ལྟ་བུ་བྱེད་ས་མེད་ཅེས་བརྗོད་འདུག

ཨ་རིའི་སྲིད་འཛིན་ཟུར་པ་དང་ཕྱི་ལོ་༢༠༢༤ ལོ་ཨ་རིའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ཌོ་ནལ་ཊམ་ལ་ལྐོག་ནས་མེ་མདའ་བརྒྱབས་པ་ནི་ཨ་རིའི་ལོ་རྒྱུས་ཁྲོད་ཐེངས་དང་པོ་མ་ཡིན་པར། འདས་པའི་ལོ་རྒྱུས་ཀྱི་ཁྲོད་དུ་ཡང་ཨ་རིའི་སྲིད་འཛིན་དང་སྲིད་འཛིན་གྱི་འོས་མི། སྲིད་འཛིན་ཟུར་པ་སོགས་ལ་ལྐོག་ནས་མེ་མདའ་བརྒྱབས་པའི་དོན་རྐྱེན་མང་དག་ཅིག་བྱུང་མྱོང་ཡོད་འདུག

དཔེར་ན། ཕྱི་ལོ་༡༨༦༥ ལོར་ཨ་རིའི་སྲིད་འཛིན་བཅུ་དྲུག་པ་(Lincoln) ་དང་ཁོང་གི་ཆུང་མ་གཉིས་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་དམིགས་བསལ་གྱི་འཁྲབ་སྟོན་ཞིག་ལ་ལྟད་མོ་ལྟ་བཞིན་པའི་སྐབས། སྐྱེས་པ་ཞིག་གིས་སྲིད་འཛིན་གྱི་རྒྱབ་ནས་མེ་མདའ་བརྒྱབས་ཡོད་པ་དང་། ཁོང་ཉིད་སྨན་ཁང་དུ་ཁྲིད་ནས་སྨན་བཅོས་བྱས་ཡོད་ན་ཡང་དྲག་སྐྱེད་མ་བྱུང་བར་ཉིན་གཉིས་ཀྱི་རྗེས་སུ་འདས་གྲོངས་སུ་ཕྱིན་ཡོད་འདུག སྲིད་འཛིན་ལིན་ཀོན་གྱིས་མི་རིགས་ནག་པོའི་ཐོབ་ཐང་ལ་རྒྱབ་སྐྱོར་བྱས་པའི་རྒྱུ་མཚན་གྱིས་ཁོང་ཉིད་ལྐོག་གསོད་བཏང་ཡོད་པ་དང་། དེ་ནི་ཨ་རིའི་ལོ་རྒྱུས་ཁྲོད་ཀྱི་སྲིད་འཛིན་ལྐོག་གསོད་གཏོང་བ་ཐེངས་དང་པོ་དེ་ཆགས་ཡོད་འདུག

ཨ་རིའི་སྲིད་འཛིན་༢༠ པ་(James Garfield) ་སྲིད་འཛིན་གྱི་སྲིད་སྟེགས་སུ་ཞུགས་ནས་ཟླ་བ་དྲུག་གི་རྗེས། ཕྱི་ལོ་༡༨༨༡ ཟླ་༧ ཚེས་༢ ་ཉིན་ཁོང་ཉིད་ཝ་ཤིན་ཊོན་གྱི་མེ་འཁོར་འབབ་ཚུགས་སུ་འགྲོ་བཞིན་པའི་སྐབས། ཅལ་སི་(Charles) ་ཞེས་པའི་མི་ཞིག་གིས་ཁོང་ལ་ལྐོག་མདའ་བརྒྱབས་ནས་ལོ་དེའི་ཕྱི་ཟླ་༩ པའི་ནང་འདས་གྲོངས་སུ་ཕྱིན་ཡོད་འདུག དེ་ནི་ཨ་རིའི་སྲིད་འཛིན་ལྐོག་གསོད་བྱས་པ་ཐེངས་གཉིས་པ་དེ་ཆགས་ཡོད་འདུག

ཕྱི་ལོ་༡༩༠༡ ལོར་ཨ་རིའི་སྲིད་འཛིན་༢༥ པ་(William Mckinley) ཡིས་ནིའུ་ཡོག་ཏུ་གཏམ་བཤད་གནང་རྗེས། ཕེབས་བསུ་ཞུ་མཁན་གྱི་ཁྲོད་དུ་ལག་འཇུ་བྱེད་བཞིན་འགྲོ་སྐབས། སྐྱེས་པ་ཞིག་གིས་ལྐོག་ནས་མེ་མདའ་ཐེངས་གཉིས་བརྒྱབས་ནས་ཉིན་གྲངས་བརྒྱད་ཙམ་གྱི་རྗེས་སུ་ཁོང་ཉིད་འདས་གྲོངས་སུ་ཕྱིན་ཡོད་འདུག

ཕྱི་ལོ་༡༩༡༢ ལོ་ཨ་རིའི་སྲིད་འཛིན་ཟུར་པ་(Theodore Roosevelt) ་སླར་ཡང་སྲིད་འཛིན་འོས་མིར་ལངས་པའི་སྐབས། མི་ཞིག་གིས་ལྐོག་ནས་མེ་མདའ་བརྒྱབས་ཡོད་འདུག ཁོང་ཉིད་སྲོག་ཉེན་ལས་ཐར་ཡང་མདེའུ་དེ་ཁོའི་བྲང་ཁར་ཚེ་གང་བོར་ལྷག་ཡོད་འདུག

ཕྱི་ལོ་༡༩༣༣ ལོ་ཨ་རིའི་སྲིད་འཛིན་༣༢ པ་(Franklin Roosevelt) ་ལྐོག་མདའ་བརྒྱབས་ནས་རྨས་སྐྱོན་ཕོག་ཡོད་པ་དང་། མེ་མདའི་མདེའུ་ཞིག་ཁོང་དང་མཉམ་དུ་ཡོད་པའི་ཆི་ཁ་གྷོ་(Chicago) ་གྲོང་སྡེའི་སྤྱི་ཆབ་ལ་ཕོག་ནས་ཁོང་ཉིད་འདས་གྲོངས་སུ་གྱུར་ཡོད་འདུག དེ་བཞིན་ཕྱི་ལོ་༡༩༥༠ ལོ་ཨ་རིའི་སྲིད་འཛིན་༣༣ པ་(Harry)  ལ་མེ་མདའ་བརྒྱབས་ནས་རྨས་སྐྱོན་བཏང་ཡོད་འདུག

ཕྱི་ལོ་༡༩༦༣ ལོ་ཨ་རིའི་སྲིད་འཛིན་༣༥ པ་ཁེན་ན་ཌི་(John F Kennedy) ་དང་ཁོང་གི་ཆུང་མ་གཉིས་ཌོ་ལ་སི་(Dallas) ཞེས་པའི་ས་ཁུལ་དུ་རླངས་འཁོར་ནང་འཚམས་གཟིགས་ཕེབས་སྐབས། མི་ཞིག་གིས་ལྐོག་ནས་མེ་མདའ་བརྒྱབས་ཡོད་པ་དང་། སྨན་ཁང་དུ་ཁྱེར་ནས་ཆུ་ཚོད་འགའ་ཤས་རྗེས་འདས་གྲོངས་སུ་ཕྱིན་ཡོད་འདུག

ཕྱི་ལོ་༡༩༧༢ ལོ་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་(Geoge c Wallace) ་འོས་བསྡུའི་དྲིལ་བསྒྲགས་བྱེད་བཞིན་པའི་སྐབས་སུ། ཨར་ཐོར་(Arthur) ་ཞེས་པའི་སྐྱེས་པ་ཞིག་གིས་ཁོང་ལ་མེ་མདའ་བརྒྱབས་ཡོད་པ་དང་དུས་དེ་ནས་བཟུང་མི་ཚེ་གང་བོར་ཁོང་གི་སྐེད་པ་མན་ཆད་འགུལ་རྒྱུ་མེད་པ་ཆགས་ཡོད་འདུག སྐྱེས་པ་དེ་བཙོན་འཇུག་བྱས་ནས་ཕྱི་ལོ་༢༠༠༧ ལོ་གློད་བཀྲོལ་བཏང་ཡོད་འདུག 

ཕྱི་ལོ་༡༩༧༥ ལོ་ཨ་རིའི་སྲིད་འཛིན་༣༨ པ་(Gerald Ford) ་ལྐོག་གསོད་བྱེད་མཁན་ཐེངས་གཉིས་བྱུང་ཡོད་པ་དང་། ལྐོག་གསོད་བྱེད་མཁན་གཉིས་ཀ་བུད་མེད་ཆགས་ཡོད་འདུག བུད་མེད་གཅིག་གི་མིང་ལ་(Fromme) ་ཟེར་ཞིང་། ཕྱི་ལོ་༢༠༠༩ བཙོན་ཁང་ནས་གློད་བཀྲོལ་བཏང་ཡོད་པ་དང་། གཞན་དེའི་མིང་ལ་སྰ་ར་(Sara) ་ཟེར་ཞིང་ཕྱི་ལོ་༢༠༠༧་ལོ་བཙོན་ཁང་ནས་གློད་བཀྲོལ་བཏང་ཡོད་འདུག།

དེ་བཞིན་ཨ་རིའི་སྲིད་འཛིན་བཞི་བཅུ་པ་དང་བཞི་བཅུ་ཞེ་གཉིས་པ། ཞེ་གསུམ་པ་བཅས་ལ་ཡང་ལྐོག་ནས་མེ་མདའ་རྒྱག་མཁན་བྱུང་ཡོད་འདུག་པས། ཨ་རིའི་རྒྱལ་ཁབ་དབུ་བརྙེས་ནས་བཟུང་ད་བར་ཨ་རིའི་སྲིད་འཛིན་བཞི་དང་སྲིད་འཛིན་གྱི་འོས་མི་གཅིག་བཅས་ལ་ལྐོག་ནས་མེ་མདའ་བརྒྱབས་པའི་དབང་གིས་འདས་གྲོངས་སུ་གྱུར་ཡོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།