ད་ལྟའི་ཧོང་ཀོང་དང་བོད་ཀྱི་རེ་བ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༨༤༥ ཕྱི་ལོ་ ༢༠༢༡/༣/༡༧

རྒྱ་ནག་ནི་འཛམ་གླིང་གི་སྟེང་ནས་ཆེས་གདུག་རྩུབ་དང་ཧམ་སེམས་ཆེ་ཤོས་ཀྱི་སྲིད་གཞུང་ཞིག་ཡིན་པ་དང་། འདས་པའི་མི་ལོ་༧༠ ཙམ་གྱི་རིང་ཁྱིམ་མཚེས་རྒྱལ་ཁབ་དང་མི་རིགས་ཆུང་ཁག་མང་པོ་ཞིག་ལ་བཙན་འཛུལ་དང་བདག་བཟུང་བྱས་ཡོད། བོད་ཀྱང་སྟབས་མ་ལེགས་པར་དེའི་ཁོངས་སུ་ཚུད་ཅིང་། ད་བར་བོད་ལ་སྡུག་སྦྱོང་མནར་གཅོད་ཚད་ལས་བརྒལ་བ་བཏང་ཡོད་པ་དང་། ཆོས་དད་དང་སྨྲ་བརྗོད་སོགས་གཞི་རྩའི་རང་དབང་ཡོངས་རྫོགས་བཙན་གྱིས་འཕྲོགས་ནས་ད་ལྟའི་ཆར་བོད་ནི་འཛམ་བུའི་གླིང་འདིར་རང་དབང་གཏན་ནས་མེད་པའི་ཡུལ་གྲུ་ཞིག་ཏུ་ངོས་འཛིན་བྱེད་དགོས་བྱུང་ཡོད། འཛམ་གླིང་སྤྱིའི་འཁོར་ཕྱོགས་དང་འཕེལ་རྒྱས་ལ་བརྟེན་ནས་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད་པ་བཞིན། བོད་ནང་གི་གནས་སྟངས་ལའང་ཕྱིའི་རྣམ་པའི་ཐོག་ནས་ཡར་རྒྱས་སམ་འགྱུར་ལྡོག་གཏན་ནས་སོང་མེད་པ་ཞིག་མིན་ནའང་། བོད་མི་རིགས་དེ་འགྲོ་བ་མིའི་གཞི་རྩའི་རང་དབང་ཙམ་ཡང་མེད་པའི་སྤྱི་ཚོགས་ཤིག་ཏུ་བསྒྱུར་ཟིན་པ་ནི། བོད་ཕྱི་ནང་གཉིས་ཀྱི་བོད་མི་རྣམས་ཀྱིས་ངེས་པར་དུ་ཚོར་དགོས་པ་ཞིག་རེད།

བོད་རྒྱའི་གནད་དོན་ཐག་གཅོད་ཡོང་ཐབས་སུ་༧གོང་ས་མཆོག་གི་སྐུ་ཚབ་རྣམ་པ་གཉིས་བརྒྱུད་ནས། རྒྱ་དམར་དྲག་པོའི་གཞུང་ལ་མི་རིགས་ས་གནས་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་དེ་ཕྱི་ལོ་༢༠༠༨ ལོར་ཕུལ་ཟིན་པ་དང་། ཡིག་ཆ་དེ་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞི་ལས་མ་བརྒལ་བའི་ཐོག་ནས་ཕུལ་བ་ཡོངས་གྲགས་ཆགས་ཡོད། དེ་ཡང་གཙོ་བོ་གཅིག་རྒྱ་ནག་གི་རྩ་ཁྲིམས་དོན་ཚན་སོ་གཅིག་པ། ཧོང་ཀོང་གི་ཆེད་གསར་སྣོན་བྱས་པ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པ། “རྒྱལ་ཁབ་ལ་དགོས་གལ་བྱུང་ཚེ་དམིགས་བསལ་སྲིད་འཛིན་ཁུལ་འཛུགས་རྒྱུ།  དམིགས་བསལ་སྲིད་འཛིན་ཁུལ་དུ་ལག་བསྟར་བྱ་རྒྱུའི་ལམ་ལུགས་ནི་གནས་ཚུལ་དངོས་ལ་གཞིགས་ཏེ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་བཅའ་ཁྲིམས་ཀྱི་ཐོག་ནས་གཏན་འབེབས་བྱ་རྒྱུ།”ཞེས་པ་འདི་ཉིད་སྐབས་དེར་རྩ་འཛིན་བྱེད་ས་གཙོ་བོ་ཞིག་ཏུ་གྱུར་ཡོད། དུས་དེར་ཧོང་ཀོང་གི་གནས་སྟངས་ཀྱང་ད་ལྟ་དང་མི་འདྲ་བར་ཅུང་ཞི་འཇམ་གྱི་རྣམ་པ་ལྟ་བུར་གནས་ཡོད་པའི་སྐབས་རེད།

རྒྱ་དམར་གཞུང་གིས་རིམ་བཞིན་ཧོང་ཀོང་ལ་དམ་དྲག་ཧ་ཅང་ཆེ་རུ་བཏང་བ་དང་། ཧོང་ཀོང་མི་མང་གི་ངོས་ནས་ཀྱང་དུས་གཅིག་ལ་མི་འབོར་ས་ཡ་གསུམ་རེ་ཁྲོམ་གཞུང་དུ་ཐོན་ནས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད། རྒྱ་གཞུང་གིས་ཧོང་ཀོང་ནང་དམ་དྲག་ཙམ་མ་ཡིན་པར་ཁྲིམས་ལུགས་ལ་འགྱུར་བ་བཏང་ནས་ཧོང་ཀོང་གི་རང་དབང་འཕྲོག་ཐབས་བྱེད་བཞིན་པས། རྒྱ་གཞུང་ནི་ཡིད་ཆེས་བློས་གཏད་གཏན་ནས་མི་རུང་བ་ཞིག་རེད། བོད་པའི་དགོས་འདུན་དེ་ཡང་གཙོ་བོ་གཅིག་ཧོང་ཀོང་གི་གནས་སྟངས་གཞི་རྩར་བཟུང་ནས་བརྗོད་བཞིན་ཡོད་པ་དང་། དེའི་ཐོག་ལ་མི་རིགས་ས་གནས་རང་སྐྱོང་དང་འབྲེལ་བའི་རྒྱ་གཞུང་གི་རྩ་ཁྲིམས་ནང་གསལ་བའི་དོན་ཚན་ཁག་གཞིར་བཟུང་གིས་རྩོད་གླེང་བྱས་ཡོད་ཀྱང་། རྒྱ་གཞུང་ཁྲིམས་ལུགས་ལག་བསྟར་བྱེད་མཁན་གྱི་སྲིད་གཞུང་ཞིག་ཡིན་ན། དགོས་འདུན་དེ་དག་ལ་རྒྱུ་མཚན་མེད་པ་མིན་ནའང་། རྒྱ་ནག་ནི་ཁྲིམས་ཡོད་ཀྱང་ལག་བསྟར་མི་བྱེད་མཁན་དང་། དགོས་མཁོ་དང་བསྟུན་ནས་འགྱུར་བ་གཏོང་ཆོག་ཆོག་བྱེད་མཁན་ཞིག་ཡིན་པས་གནད་དོན་འདི་དག་ལ་གཞི་འཛིན་ས་ཞིག་གཏན་ནས་མེད།

བོད་ཀྱི་མ་འོངས་པའི་གནས་བབས་ཐོག་ནས་མིག་དཔེ་བལྟ་ས་གཙོ་བོ་དེ་ཧོང་ཀོང་ཡིན་པ་དང་། ཧོང་ཀོང་མི་མང་ལ་མཚོན་ན་ད་ལྟའི་ཆར་འཛམ་གླིང་གི་ཡུལ་གྲུ་མང་པོ་ཞིག་ལ་སྐྱབས་བཅོལ་དུ་འགྲོ་དགོས་ཁེལ་བཞིན་ཡོད། བོད་དང་ཧོང་ཀོང་གི་མ་འོངས་པའི་གནས་སྟངས་ཐོག་ནས་རེ་བ་གཅིག་མཚུངས་བརྒྱབ་པར་ཐོག་མ་རྒྱུ་མཚན་གཏན་ནས་མེད་པ་ཞིག་མིན་ཡང་། ཕྱི་ལོ་༡༩༩༧ ལོར་ཧོང་ཀོང་རྒྱ་ནག་གིས་རྩིས་ལེན་སྐབས་ཧོང་ཀོང་རྒྱ་ནག་གི་དབང་བསྒྱུར་འོག་ཏུ་མེད་པ་དང་། བོད་ནི་ད་ལྟའི་ཆར་རྒྱ་ནག་གི་དབང་བསྒྱུར་འོག་ཏུ་ཡོད་པ་མ་ཟད། དམ་དྲག་ཆེ་ཤོས་ཀྱི་ཡུལ་གྲུ་ཞིག་ཏུ་གྱུར་ཡོད་པས། ཧོང་ཀོང་ལ་དང་པོ་ཁས་ལེན་བྱས་པ་ནང་བཞིན་བོད་པར་ཁས་ལེན་བྱེད་མི་སྲིད་པ་རེད་འདུག མི་རིགས་ས་གནས་རང་སྐྱོང་དང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་སོགས་ད་ལྟའང་རྩ་ཁྲིམས་ནང་ཡོད་ཡོད་པ་རེད་དེ། རྣམ་པ་ཙམ་ལས་དོན་དངོས་སུ་ལག་བསྟར་གཏན་ནས་བྱས་མེད་པས་རྒྱ་ནག་གི་རྩ་ཁྲིམས་དང་། བཅའ་ཁྲིམས་ཁག་ནི་ནམ་མཁའི་འཇའ་ཚོན་བཞིན་མིག་ལ་མཛེས་ཀྱང་དོན་གྱིས་སྙིང་པོ་གང་ཡང་མེད།

མདོར་ན་ད་ལྟའི་ཆར་རྒྱ་ནག་གི་འགོ་ཁྲིད་རྣམས་ལ་ཡིད་ཆེས་བྱེད་ཆོག་པ་ཞིག་གཏན་ནས་མེད་པ་བཞིན། རྒྱ་ནག་གི་ཁྲིམས་ལུགས་ཀྱང་དེ་དང་གཅིག་མཚུངས་ཡིན་པས། བོད་པའི་ངོས་ནས་བོད་རིགས་ཡོངས་ལ་མི་རིགས་ས་གནས་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་དེ་ཉིད་རིམ་པས་ནུས་མེད་དང་ཕྱིར་འཐེན་བྱེད་དགོས་པ་གལ་ཆེན་པོར་གྱུར་ཡོད། ད་ལྟ་ཡིག་ཆ་འདི་དང་འདིའི་སློབ་གསོའི་ཁ་ཕྱོགས་ལ་བརྟེན་ནས་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་ན་གཞོན་ཕལ་མོ་ཆེ་ལ་བོད་ཀྱི་རྒྱལ་ཞེན་དང་། རྒྱ་གཞུང་ལ་འཁོན་འཛིན་གྱི་རྣམ་པ་ཤུགས་ཆུང་དུ་འགྲོ་བཞིན་ཡོད་པས། ང་ཚོས་རྒྱ་ནག་གཞུང་དུས་ཐུང་ནང་འགྱུར་བ་གཏོང་མི་ཐུབ་ནའང་། བོད་མི་རིགས་ཀྱི་བསམ་བློའི་ཁ་ཕྱོགས་དང་ནུས་པ་མ་ཉམས་པར་གནས་ཐབས་སུ་བོད་རང་བཙན་སླར་གསོ་དགོས་པའི་བསམ་ཚུལ་འདིའི་ཐོག་ལ་གོམ་པ་ཞིག་སྤོ་མ་ཐུབ་ན། མི་རབས་གསར་པ་རྣམས་ལ་འཐབ་རྩོད་ཀྱི་འདུ་ཤེས་དང་། མི་རིགས་ཀྱི་འདུ་ཤེས། རིག་གཞུང་གི་འདུ་ཤེས་སོགས་གང་ཡང་མེད་པ་ཞིག་ཏུ་འགྱུར་ཉེན་ཡོད་པ་འདི་གསལ་པོར་གྱུར་འདུག།།

This will close in 0 seconds